43398

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཤེས་གཉེན་མི་ཕམ་ཆོས་གྲགས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི། གཉལ་ལོ་རོ་སྨད་དུ། ཡབ་ཆོས་མཛད་ནོར་བུ་དཔལ་བཟང་དང༌། ཡུམ་ཆོས་འཛོམས་དབང་མོའི་སྲས་སུ། རབ་བྱུང་བཅུ་པའི་ཆུ་སྤྲེལ་ ༡༥༧༢ ལོར་འཁྲུངས། ཡབ་ཡུམ་གཉིས་བན་བཙུན་དུ་སོང་བས། ཆུང་དུས་ལྐུག་ཕྲུག་དར་པོ་ཟེར་ནས་ཁ་ཉེན་པོ་བྱུང༌། བཅོ་ལྔ་ལ་རིན་པོ་ཆེ་ཡོན་ཏན་བརྒྱ་འཕེལ་གྱི་དྲུང་དུ་གཙུག་ཕུད་ཕུལ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནོད། མཚན་ཆོས་ཀྱི་གྲགས་པར་བཏགས། མཐུ་ཆེན་ཆོས་མགོན་ལས་གྲུབ་བརྒྱའི་ལུང་ཕལ་ཆེར་དང༌། ཀུན་མཁྱེན་ལས་དབང་ལུང་མང་དུ་ནོད་ཐུབ་ཀྱང་། གཤེགས་སྔ་བས་རྒྱ་ཆེར་གསན་ལོང་མ་བྱུང༌། མི་ཕམ་ཆོས་རྒྱལ་དང་བསྟན་པའི་ཉི་མ་ལས། དབང་ཆོས་ཅི་རིགས་གསན། ཁུ་བོ་མང་ཐོས་པད་དཀར་དང༌། སྟག་ལུང་ཞབས་དྲུང་ཀུན་དགའ་བཀྲ་ཤིས་དང་ངག་དབང་རྣམ་རྒྱལ། ཅོག་གྲྭ་རིན་ཆེན་དཔལ་བཟང་སོགས་ལས། སྨིན་ལུང་མང་དུ་ཞུས། བཤེས་གཉེན་སངས་རྒྱས་དཔལ་བཟང་མདུན་ནས། ལོ་གཅིག་རིང་རི་མོ་དང་བཤད་པ། དཀའ་གནས་དོགས་གཅོད་མཛད། ལོ་ཆེན་ཤེས་རབ་དཔལ་བཟང་ལས། སྒྲའི་དོགས་གཅོད་ཞུས་པས་མཁས་པར་གྱུར། ཉེར་ལྔ་ལ་ལྷ་རྩེ་བའི་མདུན་ནས་ཆིག་རྫོགས་བསྒྲུབས། དེ་ཉིད་རྩ་བའི་བླ་མར་བསྟེན་ནས། འགྲོ་མགོན་ཞལ་ལུང་མཛུབ་ཁྲིད་གནང་སྐབས། ཕྱོགས་བཅུའི་སངས་རྒྱས་བྱོན་ཀྱང་འདྲི་རྒྱུ་མི་འདུག་སྙམ་པའི་ངེས་ཤེས་སྐྱེས། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་མ་བྲལ། སྤྱིར་ཆོས་གསན་པའི་བླ་མ་སུམ་ཅུ་རྩ་བདུན། ཁྱད་འཕགས་སེམས་དཔའ་བཅུ་བཞི། ལུགས་གཉིས་དྲིན་གྱིས་བསྐྱངས་པ་དྲུག ས་སྟེང་ན་དཔེ་ཟླས་དབེན་པ་གཉིས། བཀའ་དྲིན་མཉམ་མེད་སངས་རྒྱས་གཅིག་སྟེ་ལྷ་རྩེ་བ་བཅས་ཡིན། ཞེ་བཞི་པ་ཤིང་ཡོས་ལོར། རྗེ་བླ་མ་མྱ་ངན་འདའ་ཁར། རྗེ་བཙུན་མི་ལའི་གདན་ས། སྤྲོ་བདེ་བཀྲ་ཤིས་སྒང་དུ། ཆོས་རྗེ་བྱམས་པ་བདེ་ལེགས་གཤེགས་པའི་བླ་ཚབ་ཏུ་མངའ་གསོལ། གནས་དེར་ཕེབས་པས་ཆོས་རྗེ་སྤྲོ་བདེ་བ་ཞེས་གྲགས། ང་གཉིས་པ་ཆུ་ཕག་ལོར། གཙང་རྒྱལ་བྱེད་སྔགས་གྲྭའི་སློབ་དཔོན་བརྟག་སྒྲིལ་ལ་བབས་ཏེ། སྐྱབས་མགོན་རྒྱལ་དབང་དཔག་བསམ་དབང་པོ་མཆོག་གི་བཀའ་གཅོག་མ་ནུས་པར། གཟའ་ཚེས་དུས་སྦྱོར་དགེ་བར་བསྐོ་འཇའ་གནང༌། དོན་དགུ་པ་ལྕགས་སྟག་ ༡༦༥༠ ལོའི་ཆོ་འཕྲུལ་ཟླ་བའམ་བོད་ཟླ་དང་པོའི་ཚེས་གསུམ་གྱི་ནམ་གུང་ཡོལ་ཉེ་ཙམ་ན་ཞི་བར་གཤེགས་སོ། །གདུང་རིང་བསྲེལ་གྱི་གོང་བུར་གྱུར་ཅིང༌། དབུ་ཐོད་ལ་བདེ་མཆོག་ལྷན་སྐྱེས་འབུར་དོད་དང༌། དུམ་བུ་ཞིག་ལ་དཔལ་མགོན་ཕྱག་བཞི་པའི་སྐུ་གསལ་བ་སོགས་བྱོན། གསུང་རྩོམ་ཡང་བླ་མ་ཡོན་ཏན་བརྒྱ་འཕེལ་གྱི་རྣམ་ཐར། རྣམ་རྒྱལ་ལྷུན་པོའི་དཀར་ཆག་དང་། རྗེ་ལྷ་རྩེ་བའི་རྣམ་ཐར་ཕྱི་མའི་ཟིན་བྲིས་སོགས་འགའ་ཞིག་བཞུགས། སློབ་མ་ནི། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། ཕ་སྒྲུབ་ཆེན། ཆོས་མཛད་ངག་དབང་ཆོས་འཕེལ། ཆོས་མཛད་རྒྱལ་དབང༌། ཀུན་བཟང་རྣམ་རྒྱལ། སྐྱིད་ཕུག་དབུ་མཛད་རིན་པོ་ཆེ། ཆོས་རྗེ་རྔོད་པ། ལོ་པཎ་ཆོས་རྗེ། སྒྲུབ་ཆེན་འབྲུག་རྣམ་རྒྱལ། དཔལ་སྡིངས་སྤྲུལ་སྐུའི་དབོན་པོ། བཀྲ་ཤིས་ཕུན་ཚོགས། མཆོད་དཔོན་གསང་སྔགས་བསྟན་འཛིན། དབུས་པ་ངག་དབང་བསྟན་པའི་ཉི་མ་སོགས་མང་པོ་བྱུང་ངོ༌། །

{{#arraymap:བཤེས་གཉེན་མི་ཕམ་ཆོས་གྲགས་རྒྱ་མཚོ་

|; |@@@ | | }}