43865

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསེ་ངག་དབང་བཀྲ་ཤིས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ས་རྟ་ཕྱི་ལོ ༡༦༧༨ ལོར་མདོ་སྨད་རེབ་སྐོང་གི་བསེའི་ཉ་ལུང་དུ་ཡབ་རིན་ཆེན་སྐྱབས་དང་། ཡུམ་སྙིང་མོ་བྱམས་གཉིས་ཀྱི་སྲས་སུ་འཁྲུངས། མགར་གོང་ཚེ་བརྟན་རྒྱ་མཚོ་ལས་རབ་བྱུང་དང་། དགེ་ཚུལ་བསྒྲུབས། མཚན་ལ་སྦྱིན་པ་རྒྱ་མཚོ་ཞེས་གསོལ། བཅུ་དྲུག་པར་དབུས་སུ་ཕེབས། འབྲས་སྒོ་མང་གི་ཆོས་གྲྭར་ཞུགས། དཔོན་སློབ་དོན་གྲུབ་རྒྱ་མཚོ་ལས་བསྡུས་གྲྭ་སྦྱངས། བཅུ་བདུན་པར་སྟག་ཚང་ར་སྟོད་དུ་ཕེབས། བསྡུས་ཚན་རེ་རེ་བཞིན་ཞིབ་ཏུ་སྦྱངས། འབྲས་སྒོ་མང་དུ་ཕེབས། དཔོན་སློབ་འོད་ཟེར་རྒྱ་མཚོ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་གཉིས་བསྟེན། གཞུང་བཀའ་པོད་ལྔ་པ་ལ་ཐོས་བསམ་མཛད། གསང་ཕུར་གྲྭ་སྐོར་མཛད། དཀའ་བཅུ་པའི་མཚན་བཏགས་བཞེས། ཀུན་མཁྱེན་འཇམ་བཞད་ལས་བསྙེན་པར་རྫོགས། ཉེར་དགུ་བར་སྨད་རྒྱུད་གྲྭ་ཚང་དུ་ཞུགས། ཁྲི་ཆེན་དགེ་འདུན་ཕུན་ཚོགས་སོགས་བསྟེན། གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ཕྱག་ལེན་དང་བཅས་པར་ཐུགས་སུ་ཆུད། སོ་གཉིས་པ་རབ་བྱུང་གཉིས་པའི་ལྕགས་སྟག་ཕྱི་ལོ ༡༧༡༠ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཞབས་ཕྱིར་མདོ་སྨད་དུ་ཕེབས། བླ་བྲང་བཀྲ་ཤིས་འཁྱིལ་གསར་འདེབས་སྐབས་སུ་དགེ་བསྐོས་མཛད། གདན་སའི་ཁྲི་ལ་བཞུགས། གདན་ས་ལོ་ཉེར་དགུའི་རིང་བསྐྱངས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་མཛད། རེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ས་རྟ་ཕྱི་ལོ ༡༧༣༨ ལོར་སྐུ་གཤེགས། བསེ་ཚང་གི་སྐུ་ཕྲེང་དང་པོ་དང། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་རབས་གཉིས་པ་ཡིན། སློབ་མ་གྲགས་ཆེ་བ་ནི་འགྱང་རོ་སྤྲུལ་སྐུ་ངག་དབང་བསྟན་འཛིན་དང་། གསེར་ཁང་བ་བསོད་ནམས་རྒྱ་མཚོ། རྐང་ཚ་ངག་དབང་མཁྱེན་རབ། དབལ་མང་བློ་བཟང་དོན་གྲུབ། གླིང་དོན་གྲུབ་རྒྱ་མཚོ། རྔ་བ་གོ་ཐོབ། རབ་འབྱམས་པ་ཀུན་དགའ་བཀྲ་ཤིས། རབ་འབྱམས་པ་ངག་དབང་བསོད་ནམས་བཅས་ཡིན། གསུང་རྩོམ་ནི་ཚད་མའི་དགོངས་དོན་རྩ་འགྲེལ་མཁས་པའི་མགུལ་རྒྱན་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ། རྟེན་འབྲེལ་ཆེན་མོ། དགེ་འདུན་ཉི་ཤུ་རྒྱས་བསྡུས་གཉིས། བསམ་གཟུགས་མཐའ་དཔྱོད། གསང་རྣམ་འོག་མིན་མ། གསང་རྣམ་འོག་མིན་མ་མཚན་ཅན་བཅས་བཞུགས།
Synonyms དཀའ་བཅུ་ངག་དབང་བཀྲ་ཤིས།

{{#arraymap:བསེ་ངག་དབང་བཀྲ་ཤིས་

|; |@@@ | | }}