44736

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་བཅོས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྐབས་འདིར་སངས་རྒྱས་ཀྱི་བཀའ་གང་ཡང་རུང་བའི་དགོངས་འགྲེལ་དུ་གསུང་བའི་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པ་ཞིག་ལ་བསྟན་བཅོས་ཞེས་ཟེར། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་ནི། ཉོན་མོངས་པའི་དགྲ་རྣམས་འཆོས་པར་བྱེད་པ་དང། ངན་འགྲོའི་འཇིགས་པ་ལས་སྐྱོབ་པར་བྱེད་པའི་ཕན་ཡོན་གཉིས་དང་ལྡན་པའོ། །མཚན་ཉིད་ནི། ཕར་ཕྱིན་སྤྱི་དོན་ལས། ཤེས་སྒྲིབ་མ་སྤངས་པའི་རྩོམ་པ་པོས་བརྩམ་བྱའི་དོན་རྟོགས་པའི་སྒོ་ནས་རྙེད་བཀུར་སོགས་ཀྱི་རྣམ་གཡེང་མེད་པར་བཀའི་དགོངས་འགྲེལ་དུ་བརྩམས་པའི་ལུང་རྣམ་དག་དེ། ནང་པའི་བསྟན་བཅོས་རྣམ་དག་གི་ངོ་བོར་འཇོག་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི ། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པར། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་གསུངས། གཉིས་པ་དབྱེ་བ་ཡོད་དེ། བརྗོད་བྱའི་སྒོ་ནས་ཕྱེ་བ། དོན་མེད། དོན་ལོག། དོན་ལྡན་གྱི་བསྟན་བཅོས་གསུམ། དགོས་པའི་སྒོ་ནས་ཕྱེ་བ། ཐོས་པ་ལྷུར་ལེན། རྩོད་པ་ལྷུར་ལེན། སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས་གསུམ། ཀུན་སློང་གི་སྒོ་ནས་ཕྱེ་བ། ངན་གཡོ། བརྩེ༌བྲལ། སྡུག་བསྔལ་སྤོང་བའི་བསྟན་བཅོས་གསུམ་རྣམས་སུ་ཡོད་པའི་ཕྱིར། དེ་རྣམས་ཀྱི་མཚན་གཞི་ཡང་ཡོད་དེ། གསུམ་ཚན་གསུམ་གྱི་དང་པོ་གཉིས་གཉིས་ཏེ་དྲུག་ཕྱི་རོལ་པའི་བསྟན་བཅོས་དང། གསུམ་ཚན་གསུམ་གྱི་ཐ་མ་གསུམ་ནང་པའི་བསྟན་བཅོས་ལ་བྱེད་ཅིང། དེ་ཡང་འཇོག་པོའི་གཙུག་རྒྱན་ལེན་པའི་བསྟན་བཅོས་དང། བྱ་རོག་སོ་རྟོག་གི་བསྟན་བཅོས་གཉིས་དང། རྟོག་གེའི་རིགས་པ་སྟོན་པའི་ཕྱི་རོལ་པའི་ཐོས་རྩོད་ལྷུར་ལེན་པའི་བསྟན་བཅོས་གཉིས་དང། བྲམ་ཟེའི་གསང་ཚིག་སྟོན་པའི་བསྟན་བཅོས་དང། ཕྱུགས་ཀྱི་མཆོད་སྦྱིན་ལ་འཇུག་པའི་བསྟན་བཅོས་གཉིས་རྣམས་རིམ་པ་བཞིན་དོན་མེད་དོན་ལོག་ཐོས་རྩོད་ངན་གཡོ་བརྩེ༌བྲལ་གྱི་བསྟན་བཅོས་ཡིན་ཅིང་། ཐ་མ་གསུམ་ནི་མངོན་པར་རྟོགས་པའི་རྒྱན་ལྟ་བུ་ཡིན་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:བསྟན་བཅོས་

|; |@@@ | | }}

བསྟན་བཅོས་ (2)
Part of speech མིང་ཚིག
Definition ངེས་ཚིག་ནི། བསྟན་བཅོས་ཀྱི་སྐད་དོད་དུ། ཤཱསྠྲ་ཞེས་པ་ཡོད་ལ། ཤཱ་ས་ནི་འཆོས་པ་སྟེ། གདུལ་བྱའི་སེམས་རྒྱུད་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། ཏཱ་ར་ནི་སྒྲོལ་བའམ་སྐྱོབ་པ། དེ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པ་སྟེ། དེ་སྐད་དུ་རྣམ་བཤད་རིགས་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་སྟེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་གསུམ་ལྡན་ལས་སོ། །གཡག་སྟོན་གྱི་ཤེར་འགྲེལ་རིན་དབང་རྒྱལ་པོ་ལས། འཆོས་དང་སྐྱོབ་པའི་ཡོན་ཏན་གཉིས་དང་ལྡན་པའི་བསྟན་བཅོས་ནི། རྩོམ་པ་པོ་ཚད་དང་ལྡན་པས་བཀའི་དགོངས་འགྲེལ་དུ་བརྩམས་པའི་ཚིག་གང་ཞིག ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པའོ། །ཞེས་དང་། པཎ་ཆེན་ཤཱཀ་མཆོག་གིས། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་ངག་དེ་བསྟན་བཅོས་ཀྱི་སྤྱིའི་མཚན་ཉིད་དོ་ཞེས་འཆད་དགོས་པའི་ཕྱིར། དབུས་མཐའི་འགྲེལ་བཤད་ལས། ཉོན་མོང་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་འཆོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་བཤད་པས་སོ། །དེའི་ཕྱིར་སངས་རྒྱས་ཀྱི་བཀའ་ལ་བསྟན་འཆོས་ཀྱིས་ཁྱབ་ཅིང། དེ་ལ་དེས་མ་ཁྱབ་པ་དང། ཕྱི་རོལ་པའི་བསྟན་འཆོས་སུ་བཤད་པ་རྣམས་བསྟན་འཆོས་མཚན་ཉིད་པ་མ་ཡིན་པ་ཞེས་བྱ་བ་འདི་ངེས་སོ། །དེར་མ་ཟད་བཀའ་དང། བཀའི་དགོངས་འགྲེལ་གྱི་བསྟན་འཆོས་གཉིས་ཀྱང་འགལ་བ་མ་ཡིན་ཏེ། འདུལ་བའི་ལུང་སྡེ་བཞི་ཀ་སོ་སོར་ཐར་པའི་མདོའི་དགོངས་འགྲེལ་ཡིན་པ་དང་། བཤད་པའི་རྒྱུད་ཕྱི་མ་ཞེས་གྲགས་པ་དེ་དག་ཀྱང་རྩ་བའི་རྒྱུད་ཀྱི་དགོངས་འགྲེལ་དུ་རིགས་པའི་ཕྱིར་རོ། །ཞེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། །ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས། གྲུབ་མཐའ་བསྟན་པའི་ཕྱིར་བསྡེབས་པའི་མིང་ཚིག་ཡི་གེའི་ཚོགས་དུ་མ་འདུས་པ་དེ་བསྟན་བཅོས་སྤྱིའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར།

{{#arraymap:བསྟན་བཅོས་

|; |@@@ | | }}

བསྟན་བཅོས་ (3)
Part of speech མིང་ཚིག
Definition བཀའ་བརྒྱད་རྣམ་བཤད་ལས། བསྟན་བཅོས་ཞེས་པ་རྒྱལ་བའི་བཀའ་ཡི་རྗེས་སུ་འབྲངས་ནས་རྩོམ་པ་པོ་མཚན་ཉིད་དང་ལྡན་པས་ལེགས་པར་བཤད་པ་ཡིན་ལ། དེ་ཡི་དབྱེ་བ། ལུང་བཏུས་པའི་བསྟན་བཅོས། ལུང་འགྲེལ་བའི་བསྟན་བཅོས། ལུང་དོན་རིག་པའི་བསྟན་བཅོས་གསུམ། དང་པོ་ཆེད་དུ་བརྗོད་པའི་ཚོམ་ལ་སོགས་པ་ལྟ་བུ། གཉིས་པ་འབུམ་ཊཱིཀ་ལ་སོགས་པ་ལྟ་བུ། གསུམ་པ་ནི། ཇི་སྐད་དུ། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོངས། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་པ་ལྟར། ངན་པ་དྲུག་བྲལ་ཅིང་ཡོན་ཏན་གསུམ་དང་ལྡན་པ་སྟེ། རིགས་ཚོགས་དྲུག་དང་བྱམས་ཆོས་སྐོར་ལྔ་ལ་སོགས་པ་བཞིན་ནོ། །ཞེས་གསུངས།

{{#arraymap:བསྟན་བཅོས་

|; |@@@ | | }}

བསྟན་བཅོས་ (4)
Part of speech མིང་ཚིག
Definition སྟོན་པའི་རྗེས་འཇུག་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་སངས་རྒྱས་ཀྱི་བཀའི་དོན་བཤད་ཅིང་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པའི་ལེགས་བཤད་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་ལྡན་ནོ། །ཉོན་མོངས་པ་དང་རྣམ་རྟོག་ལས་འཆོས་ཤིང་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པས་ན་དེ་སྐད་དུ་བརྗོད་དོ། ། རྣམ་གྲངས་ནི། སློབ་མའི་སེམས་རྒྱུད་འཆོས་པར་བྱེད་པས་ན་བསྟན་བཅོས་དང་། མདོའི་དོན་གསལ་བར་བྱེད་པས་ན་མདོ་སྡེའི་རྒྱན་དང་། སྐབས་སུ་བབ་པའི་དོན་གསལ་བར་བྱེད་པས་ན་རབ་ཏུ་བྱེད་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ལ། འོན་ཀྱང་མདོ་སྡེའི་རྒྱན་ནི་བསྟན་བཅོས་བྱེ་བྲག་དང་། རབ་ཏུ་བྱེད་པ་ནི་བསྟན་བཅོས་ཀྱི་ནང་ཚན་ལ་འཇུག་པ་ཡང་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་གསུམ་ལྡན་ལས་སོ། ། གཏན་ལ་དབབ་པ་བསྡུ་བ་ལས་མིང་གི་སྒོ་ནས་དགུ་དང་། རྫས་ཀྱི་སྒོ་ནས་གསུམ་དུ་གསུངས་པ་ལས། དང་པོ་ནི། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤངས། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་པའོ། །གཉིས་པ་ནི། དགུ་པོ་དེ་དག་ཀྱང་ཕྱི་རོལ་པའི་རིག་བྱེད་ཀྱི་གསང་ཚིག་སྙན་ནས་སྙན་དུ་བརྒྱུད་པ་དང་། སངས་རྒྱས་པ་དང་རྩོད་པ་སྨྲ་བའི་བསྟན་བཅོས་དང་། སངས་རྒྱས་པའི་ཐར་པ་ཐོབ་པ་དང་རྗེས་སུ་མཐུན་པའི་བསྟན་བཅོས་གསུམ་དུ་འདུས་པར་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་གསུམ་ལྡན་ལས་སོ། །

{{#arraymap:བསྟན་བཅོས་

|; |@@@ | | }}