44791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་དང་པོ་སྐུ་ཕྲེང་ལྔ་པ་རྒྱལ་སྲས་ཕྲིན་ལས་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition ཁོང་གི་འཁྲུངས་ཡུལ། གླིང་རུ་ཡར་གླིང་དཔོན་རྒན་ཚང་སར། རབ་བྱུང་བཅོ་ལྔ་པ་ཤིང་ཡོས་ ༡༩༡༥ ལོར་འཁྲུངས། འགྱུར་མེད་གནམ་ལྕགས་རྡོ་རྗེ་དང༌། སི་ཏུ་རིན་པོ་ཆེ། གཙང་པ་གྲུབ་ཆེན་རྣམས་དགོངས་པ་གཅིག་མཐུན་གྱིས་ངོས་འཛིན་གནང་ཞིང༌། གདན་སར་མངའ་གསོལ་མཛད། དགུང་ལོ་བཅུ་ནས་མཁན་པོ་ངག་དབང་སྙན་གྲགས་མདུན་ནས་རིག་གནས་སྦྱོང་བའི་དབུ་ཚུགས། བཅུ་བཞི་ལ་འགྱུར་མེད་གནམ་ལྕགས་རྡོ་རྗེ་དང་ངག་འབྱུང་སྤྲུལ་སྐུ་ལས། འབྲུག་ལུགས་ཀྱི་དབང་ལུང་མང་པོ་གསན། བཅོ་ལྔ་ལ་ཁམས་སྒར་དུ་ཕེབས། ཁམས་སྤྲུལ་བདུན་པ་རིགས་བདག་ཏུ་བསྙེན་ནས། སྒྲུབ་ཐབས་རྒྱ་མཚོ་སོགས་དབང་ཁྲིད་ལུང་མང་པོར་གསན་བསམ་མཛད་དེ། སྲས་ཀྱི་ཐུ་བོར་གྱུར། བཅུ་བདུན་ལ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་སོགས། མཁས་གྲུབ་མང་པོ་བསྟེན། ཉེར་གཅིག་ལ་ཁམས་སྤྲུལ་བརྒྱད་པའི་ཁྲི་གསོལ་ལ་ཕེབས་ཤིང༌། རྗེ་དེ་དང་ལྷན་ཆོས་མགོན་བརྒྱད་པའི་དྲུང་ནས། འབྲུག་ལུགས་ཀྱི་དབང་ལུང་སྐོར་དང༌། བསྙེན་རྫོགས་མནོས། དགོན་པའི་མཐོང་མ་བརྒྱུད་པའི་ཕྱག་ལེན་དགོས་རིགས་གནད་སྨིན་ལེགས་གཟིགས་ཀྱི་བཀའ་དྲིན་བསྐྱངས། བཤད་གྲྭ་རྒྱུན་འཛུགས་གནང་ཞིང་སྐུ་ཉིད་ཀྱིས་ཀྱང་སློབ་ཁྲིད་མཛད། དེ་བཞིན་སྒྲུབ་གྲྭ་རྣམས་ལ་སྔོན་འགྲོ་ནས་བཟུང་དངོས་གཞིའི་བར་ཟབ་ཁྲིད་དུ་སྩལ། རྩ་གསུམ་ལྷ་ཚོགས་མང་པོའི་བསྙེན་སྒྲུབ་མཐའ་ཐོན་མཛད་པས་གྲུབ་པའི་རྟགས་ཀྱང་མངའ། དཔེར་ན་ཚེ་སྒྲུབ་མཛད་པས་ཚེ་མདའ་སྔར་ལས་སོར་ལྔ་ཙམ་རིང་བ་དང༌། འཕོ་བའི་རྟགས་ཐོན་པ་ཤིན་ཏུ་མང༌། གཞན་ཡང་སྐྱེ་རྟགས། ཚེ་ཚད། སྔོན་གནས་རྗེས་དྲན། མ་འོངས་འབྱུང་འགྱུར་སོགས་དངོས་སུ་མཁྱེན། ངག་འབྱུང་སྤྲུལ་སྐུ་དང༌། འགྱུར་སྤྲུལ། སྟོན་སྤྲུལ་སོགས་ངོས་འཛིན་གནང་ཞིང་ཁྲི་འདོན་མཛད། དབུས་ཕྱོགས་ལྷ་ལྡན་སོགས་སུ་གནས་གཟིགས་སྐབས། དད་ལྡན་གང་འོས་ཀྱི་ཟབ་ཆོས་དང་རེ་འདོད་ཡིད་བཞིན་བསྐངས། སྒྲ་དྲུག་འགྱུར་གྱི་ལྗགས་ལྡན་པས་ཉིན་རེར་འབུམ་པོད་དྲུག་ཙམ་ཀློག་ནུས་པར་གྲགས། རང་དགོན་དུ་ངག་འབྱུང་སྤྲུལ་སྐུ། འགྱུར་སྤྲུལ། སྟོན་སྤྲུལ། རིག་འཛིན་སྤྲུལ་སྐུ། ཐུགས་མཆོག་སོགས་བླ་སྤྲུལ་འདུས་པ་རྣམས་ལ་འབྲུག་ལུགས་གཙོ་བོར་གྱུར་པའི་དབང་ལུང་རྒྱ་ཆེར་གནང་ཞིང༌། ཞེ་ཆེན་རབ་འབྱམས་སྣང་མཛད་གྲུབ་པའི་རྡོ་རྗེ་གདན་དྲངས་ནས། རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཆ་ཚང་སྟོན་འཁོར་ཡོངས་ནས་ཚུར་གསན་བཞེས་མཛད། དུས་འགྱུར་ལུང་བསྟན་ཡང་ཡང་གསུངས་པ་བཞིན་དངོས་སུ་བྱུང་བའི་སྐབས་སུ། མིང་ཨ་ཁོད་སློབ་སྦྱོང་ཁང་ཟེར་བར་དོན་ལ་བཙོན་ཁང་ནང་དུ་ཕེབས་དགོས་བྱུང་ཞིང༌། ཟླ་ཤས་རྗེས་འདན་མ་རྫོང་དུ་འགྲོ་དགོས་པའི་བཙན་བཀའ་བཏང་བས། མ་བྱོན་ཐབས་མེད་ཀྱིས་ལམ་དུ་ཕེབས་བཞིན་པ་ན། སྐུ་སྙུང་བ་སོགས་གང་ཡང་མེད་པར། དགུང་གྲངས་ཞེ་བཞི་ས་ཁྱི་ ༡༩༥༨ ལོར་རང་དབང་ཐོབ་པའི་ཚུལ་གྱིས་ཞི་བར་གཤེགས་སོ། །སྐུ་པུར་ཆིབས་ཐོག་ནས་མ་ལྷུང་བར་ཀྲོང་ངེར་ཆུ་ཚོད་ཕྱེད་ཙམ་རིང་བཞུགས་སྐད། གསུང་རྩོམ་ཡང་སོ་སྐྱེའི་བློ་ཁ་ཆོས་ལ་བཀྲི་ཕྱིར་ཆོས་གླུ་དང༌། བླ་མ་ཀུན་བཟང་གིས་བསྐུལ་ངོར་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་སོགས་ཞལ་གདམས་ཐོར་བུ་དུ་མ་མཆིས་སོ། །

{{#arraymap:བསྟན་འཕེལ་ཁྲི་འཛིན་དང་པོ་སྐུ་ཕྲེང་ལྔ་པ་རྒྱལ་སྲས་ཕྲིན་ལས་རྣམ་རྒྱལ་

|; |@@@ | | }}