46508

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བེའུ་རུ་བླ་ཆུང་དགོན་ (1)
Part of speech མིང་ཚིག
Definition བེའུ་རུ་བླ་ཆུང་དགོན་པའམ་བརྩེ་ཆེན་ཆོས་རྫོང་གླིང་ནི། མདོ་སྟོད་ནང་ཆེན་ཆོས་རྒྱལ་ཆེན་པོས་དབུ་ཡི་མཆོད་གནས་བླ་མ་ལྷོ་བེའུ་གཉིས་སུ་གྲགས་པའི་ཡ་གྱལ་བེའུ་རུ་བླ་མའི་གདན་ས་དང་། དཔལ་ལྡན་ས་སྐྱ་པའི་ཆོས་རྒྱུད་འཛིན་པའི་དགོན་སྡེ་ཞིག་ཡིན། འདི་ནི་ཐོག་མར་འབའ་རོམ་དར་མ་དབང་ཕྱུག་གི་ཐུགས་སྲས་ཏི་ཤྲཱི་རས་པ་ཆེན་པོའི་ཞབས་སེན་རྗེ་གུར་དཀར་བའི་ཐུགས་སྲས་དབོན་ཨ་རོག་སངས་རྒྱས་ཡེ་ཤེས་ཀྱིས་ཕྱི་ལོ་ ༡༢༨༩ ལོར། རེ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་བེའུ་རུ་དཀར་ལྕོག་དགོན་བྲག་སྲིན་མོ་གན་ཀྱལ་འདྲ་བའི་བྲང་ཐོག་ལ་ཕྱག་བཏབ། དེ་ནས་དབོན་རྒྱུད་རིམ་པས་ གྲུབ་དབང། ཤེས་རབ་གྲགས་པ། རིན་ཆེན། ཀླུ་དབང་། བཅས་གདན་རབ་བདུན་བྱོན་པ་ལས། དབོན་བླ་སྐུ་མཆེད་གསུམ་གྱི་དུས་སུ་དགོན་པའི་ལས་གཉེར་ཁ་ཤས་ཀྱི་ཐུགས་བཞེད་ལྟར་དགོན་གནས་སྲིན་མོའི་རྐང་སྟེང་དུ་སྤོས་པས་རྟེན་འབྲེལ་ལོག་པའི་དབང་གིས་དགོན་པ་འཐོར་ཞིག་ཏུ་སོང་། སྐུ་མཆེད་གསུམ་པོ་སོ་སོས་དགོན་སྡེ་རེ་གསར་དུ་བཏབ་པ་ལས། སྐུ་མཆེད་ཆུང་བ་དཀོན་མཆོག་གྲགས་པས། དམ་ཅན་གྱི་བླ་རྡོ་སེན་སྡེར་གྱིས་ཚུལ་དུ་འཕངས་ཏེ་གང་དུ་ལྷུང་བའི་གནས་དེར་དགོན་པ་འདེབས་པར་ཐུགས་ཀྱིས་བརྟགས། རྗེ་ཡི་མགུལ་ལྷ་བཅུ་གསུམ་གྱིས་ནང་མཚན་ཇོ་བོ་ངོས་གསུམ་འམ་སྨན་པ་མཆེད་གསུམ་གྱིས་མདུན་དཔལ་ཡུབ་ཁ་སྒང་གི་གོང་བ་སྤང་འབུར་མནྜལ་འདྲ་བའི་མདུན། མཚོ་མེ་ལོང་ཙམ་གྱི་ནང་དུ་ལྷུང་བས། རྟེན་འབྲེལ་ཆེ་བར་དགོངས་ནས་ཕྱི་ལོ་ ༡༤༦༠ ལོར། ཆོས་སྡེ་ཆེན་པོ་ཐོག་མར་སྦྲ་དགོན་གྱི་ཚུལ་དུ་ཕྱག་བཏབ། རྒྱ་གར་ཤེས་རབ་རྒྱལ་མཚན་ཁམས་ཕྱོགས་ལ་ཕེབས་སྐབས་དགེ་འདུན་པ་རྣམས་ཀྱི་ཐུགས་མོས་ལྟར། དགོན་འདི་ཉིད་དཔལ་ལྡན་ས་སྐྱ་པའི་ཆོས་རྒྱུད་དུ་བསྒྱུར། བརྩེ་ཆེན་ཆོས་རྫོང་གླིང་ཞེས་པའི་མཚན་ཐོག་མར་བཏགས། དེ་ནས་རོང་སྟོན་ཤེས་བྱ་ཀུན་རིག་ཀྱི་གདན་ས་ཆོས་སྡེ་ཆེན་པོ་དཔལ་ཚར་པའི་ན་ལེནྜལ་ཡི་ཆོ་ག་སྒྲིག་སྲོལ་གཙོར་གྱུར་པའི་ས་ངོར་གྱི་ཕྱག་ལེན་གདངས་དབྱངས་གར་འཆམ་སོགས་གསར་འཛུགས་མཛད་པའི་རྒྱུད་པ་དེང་སང་གི་བར་དུ་ཡོད། དགོན་འདིར་རྒྱལ་དབང་དྲུག་པའི་དམིགས་བསལ་གཟིགས་རྟོགས་བདག་རྐྱེན་བཀའ་ཡིག་བསྩལ་བ་ད་ལྟ་མཇལ་རྒྱུ་ཡོད། གཟིམ་འོག་སྐུ་ཕྲེང་རིམ་བྱོན་དང་། རྗེ་བློ་གཏེར་དབང་པོ། ཐར་རྩེ་མཁན་ཆེན་སོགས་སྐྱེས་ཆེན་དུ་མ་བྱོན་ཏེ་མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེང་གི་ཆར་ཡང་བཤད་གྲྭ་དང་། སྒྲུབ་གྲྭ། རྒྱུན་གྲྭ་བཅས་དགེ་འདུན་གྱིས་སྡེ་མ་ཉམས་པར་དར་ཞིང་གནས་པའོ། དགོན་ལག་ནི། ཤར་ཡག་རྡོ་རྗེ་གླིང་། བཙུན་དགོན་འོག་མིན་མཁའ་སྤྱོད་གླིང་། རྡོ་ནེ་རི་ཁྲོད། དེལ་དམར་རི་ཁྲོད་སོགས་དུ་མ་ཡོད།

{{#arraymap:བེའུ་རུ་བླ་ཆུང་དགོན་

|; |@@@ | | }}