46739

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition ཁོང་ནི། ལ་སྟོད་ལྷོར། རབ་བྱུང་བཅུ་པའི་ས་རྟ་ ༡༦༡༨ ལོར་སྐུ་བལྟམས། དགུང་ལོ་གསུམ་པའི་ཚེ། མཁས་གྲུབ་ཏཱ་ར་ནཱ་ཐས་ལོ་ཙཱ་བ་འགྱུར་མེད་ཞབས་ཀྱི་སྐུ་སྐྱེ་ཡིན་ཞེས་ལུང་བསྟན། དབུ་ལ་ལྗགས་མཆིལ་འདེབས་པ་སོགས་བྱིན་རླབས་མཛད། མཚན་བརྗོད་ཀྱི་དཔེ་ཞིག་གནང་བས། ཕྱིས་རྒྱུད་སྡེ་ཀུན་མཁྱེན་པའི་རྟེན་འབྲེལ་འགྲིགས་ཤིང༌། འབྲི་ཀློག་དང༌། སྐུ་བརྙན་བྲིས་འབུར་སོགས་མ་བསླབས་པར་མཁྱེན། རྒྱལ་བ་དཔག་བསམ་དབང་པོས། ཁྲོ་ཕུ་དགའ་ལྡན་བྱམས་པ་གླིང་དུ། དགེ་བསྙེན་དང་དགེ་ཚུལ་གྱི་དངོས་པོར་བསྒྲུབས། དབང་ཆོས་གསན། དུས་ཞབས་པ་ལོ་ཆེན་དཔལ་རྒྱས་དབང་པོ། རྗེ་ཆོས་གྲགས་རྒྱ་མཚོ། སྒམ་སྨྱོན་ཕྱག་རྡོར་ནོར་བུ་སོགས་ཡོངས་འཛིན་དུ་མ་ལ་དབང་ཆོས་གསན། རང་རིག་རས་པ་དང་བཀའ་ཆོས་ཕར་ཚུར་གསན་པར་མཛད་ཅིང༌ཐུགས་ཡིད་འདྲེས། ཁྱད་པར་མཁས་དབང་སངས་རྒྱས་རྡོ་རྗེ་ལས་མདོ་རྒྱུད་རིག་པའི་གནས་ཀུན་སྦྱངས། སྙན་ངག་གི་རྩོམ་རྒྱུགས་ལན་གསུམ་ཕུལ་བས་ཤིན་ཏུ་མཉེས་ནས། དཔེར་བརྗོད་ཀྱི་ཚིག་འདི་རྣམས། རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་དང༌། རིན་སྤུངས་ཞབས་དྲུང་གི་གསུང་ཁོ་ན་འདྲ་བར་འདུག་ཅེས་བསྔགས་བརྗོད་མཛད། སྙན་ཚིག་གི་རིག་པ་ལ་དཎྜིའི་ཞབས་དང་ཁྱད་པར་མེད་པར་གྱུར་པས། མཚན་ལ་བོད་མཁས་པ་ཞེས་གྲགས། རིག་གཞུང་གང་ལའང་མི་མཁྱེན་པ་མི་མངའ་ཡང༌། རྩིས་སྙན་སོགས་ཐུགས་ཐོག་ཐོན་པ་རྣམས་ལ་མཁྱེན་པའི་ཞལ་བཞེས་གནང་ཞིང༌། གཞན་ལའང་སློབ་པར་མཛད། ཆོས་དཔེ་ཐོག་ཏུ་ལུས་པར་མཁས་པ་མིན་ཞིང༌། ཚིག་དོན་ཁོང་དུ་མ་ཆུད་བཞིན་དུ་དཔེ་ཐོག་ནས་འཆད་ཉན་སྣང་ལ་མ་ངེས་པ་ཞིག་བྱས་ན། རིག་གཞུང་གི་བསྟན་པའི་ཆོམ་རྐུན་དུ་འགྲོ་བས་དགོས་པ་མེད་གསུངས་ནས། གཞན་མི་མཁྱེན་པའི་ཚུལ་གྱིས་འཆད་ཉན་ཆེར་མི་གནང་བར་གྲགས་ཀྱང་། བར་སྐབས་སུ་ཁྲོ་ཕུའི་སློབ་དཔོན་གྱི་གོ་སར་བཞུགས་དུས་འཆད་ཉན་སྨར་བར་གནང་ཞིང༌། ཕྱིས་དགུང་གྲངས་རེ་བཞི་ལ་རྒྱལ་དབང་མི་ཕམ་དབང་པོས་འགག་རོང་དུ་གདན་འདྲེན་ཞུས་ནས། བཀའ་ཆོས་ཕུལ་བའི་ཚེ། ཟབ་གནད་མཐའ་དག་ཀུན་མཁྱེན་པདྨ་དཀར་པོའི་དགོངས་དོན་བཞིན། ཞིབ་མོར་བཀྲོལ་ནས་ཕུལ་བར་མཛད་པས། རྒྱལ་དབང་དམ་པ་མཉེས་པའི་ཕུལ་དུ་གྱུར་ཅིང༌། ཀུན་མཁྱེན་དགེ་ལེགས་རྣམ་པར་རྒྱལ་བ་ཞེས་བསྔགས་ཤིང༌། རྩ་བའི་བླ་མ་ཉིད་དུ་འཛིན་པར་མཛད་དོ། །ལྐོག་གྱུར་མཁྱེན་པའི་ལོ་རྒྱུས་མང་ཞིང༌། རྒྱུན་དུ་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལ། སྐད་ཅིག་ཀྱང་མི་གཡོ་བར་བཞུགས་ནས། སྤྲོས་བཅས་ཀྱི་མཛད་རིགས་ཉུང༌། རྩོམ་ཆོས། ཟུར་ལུགས་དང་ཀུན་མཁྱེན་པདྨ་དཀར་པོའི་ལུགས་ཟུང་འབྲེལ་སྨན་གྱི་རོ་ནུས་བཤད་པ་བཻ་ཌཱུརྻའི་མེ་ལོང༌། དྲིས་ལན་ལེགས་བཤད་རིན་པོ་ཆེའི་སྣང་བ་གསར་པ། ལུས་ཐིག་ཟླ་བ་ནོར་བུ་སོགས་གསོ་རིག་སྐོར། སྙན་འགྲེལ་དཎྜིའི་དགོངས་རྒྱན་སོགས་སྙན་རྩོམ་སྐོར། གཞན་ཡང་རྩིས་ཀྱི་བསྟན་བཅོས་དང༌། རིག་གནས་ཆེ་ཆུང་དུ་མའི་དཀའ་འགྲེལ་སོགས། གླེགས་བམ་རྣམས་ནི་དཔྱད་པ་གསུམ་གྱིས་དག་པ། གཞན་ལས་ཁྱད་པར་དུ་འཕགས་པ་འབའ་ཞིག་གོ །རེ་བརྒྱད་པ་ཤིང་གླང་ ༡༦༨༥ ལོར་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུ་བསྡུས་སོ། །

{{#arraymap:བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་

|; |@@@ | | }}