47301

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་དཔལ་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༢༨༡ ལོར་ཡབ་སློབ་དཔོན་ཡོན་ཏན་རྒྱ་མཚོ་དང་། ཡུམ་རིན་ཆེན་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། དེབ་དམར་དུ་རབ་བྱུང་བཞི་པའི་ས་ཁྱི་ཕྱི་ལོ་ ༡༢༩༨ ལོར་འཁྲུངས་ཞེས་འཁོད། བྱིས་དུས་ཀྱི་མཚན་ལ་ཤཱཀྱ་མཐའ་ཡས་འབོད། མཁན་པོ་ལྷ་དེ་པ་ཤེས་རིན་པ་དང་། སློབ་དཔོན་སྣར་ཐང་གི་མཁན་པོ་གྲགས་ཤེ་བ་གཉིས་ལས་དགེ་ཚུལ་བསྒྲུབས། མཚན་ལ་བྱང་ཆུབ་དཔལ་བཟང་པོ་གསོལ། མཁན་པོ་ལས་ཐུགས་བསྐྱེད་དང་། བློ་སྦྱོང་སོགས་ལུང་མང་པོ་མནོས། བླ་མ་གྲགས་འབྱོར་པ་ལས་དབང་དང་། མེ་ལུགས། ཚལ་ལུགས་ཀྱི་གདམས་པ་མ་ལུས་ཞུས། ཉི་ཤུ་པར་མཁན་པོ་སེང་པ་དང་། ལས་སློབ་མཁན་པོ་བསོད་ནམས་དཔལ་བ། གསང་སྟོན་བླ་མ་ཤར་རྐན་པ་སོགས་ལས་བསྙེན་པར་རྫོགས། མཁན་པོ་ལས་འདུལ་བ་མདོ་རྩ་དང་། སྤྱོད་འཇུག་གསན། འདུལ་སྐོར་གྱི་ལུང་དང་ཕྱག་ལེན་ཞུས། བསམ་སྡིངས་པའི་བླ་མ་མཁས་གྲུབ་ཆོས་རྗེ་གཞོན་ནུ་ལས་གྲུ་མ་རི་གོངས་པའི་ཆོས་སྐོར་རྣམས་གསན། རྗེ་བཙུན་རི་བོ་པ་བཟང་པོ་ལས་རྔོག་པའི་ཆོས་སྐོར་མཐའ་དག་ཞུས། རྟོགས་ལྡན་དོན་ཡེ་ལས་ཞང་གི་བཀའ་རྒྱ་མ་སོགས་ཞུས། སུམ་ཅུ་པ་རབ་བྱུང་ལྔ་པའི་ལྕགས་ཕག་ཕྱི་ལོ་ ༡༣༡༡ ལོར་ཚལ་གུང་ཐང་གི་གདན་སར་ཕེབས། བརྟག་གཉིས་མེ་ལུགས་དང་། ཞང་འགྲོ་བའི་མགོན་པོའི་བཀའ་འབུམ་སོགས་བཤད་པ། དབང་ལུང་མན་ངག ཁྲིད་རིམ་གྱིས་འགྲོ་དོན་མཛད། ཡེར་པ་དགའ་ལྡན་གྱི་རི་ཁྲོད་གསར་འདེབས་མཛད། ཆོས་ཁྲི་ལྷ་ཁང་དང་བླ་བྲེ་ཕྱི་ནང་བཞེངས། རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ལོ་ ༡༣༥༦ ལོར་སྐུ་གཤེགས། གདན་ས་ལོ་ཞེ་བདུན་རིང་བསྐྱངས། ཚལ་གུང་ཐང་གི་བླ་རབས་བཅུ་གཅིག་པ་ཡིན།

{{#arraymap:བྱང་ཆུབ་དཔལ་བཟང་པོ་

|; |@@@ | | }}