47316

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་འབུམ་པ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་ལྔ་པའི་ཤིང་སྤྲེལ་ལོར་ཁྲོམ་ཁྲི་དཔོན་རྒྱལ་པོའི་སྲས་སུ་འཁྲུངས། སྔོན་སྦྱོང་བག་ཆགས་སད་ནས་བླ་མའི་ཞལ་མཇལ་བ་ཙམ་གྱིས་གསན་བསམ་མཐར་ཕྱིན། སྒོམ་པའི་དྲོད་བརྙེས། རྟོགས་པའི་རྩལ་རྫོགས། གྲུབ་པའི་མཚན་རྟགས་མངོན་དུ་གྱུར། དགུང་ལོ་ཞེ་བཞི་ནས་བླ་མ་གཡེན་པ་རིན་པོ་ཆེའི་གདན་ཚབ་ཏུ་བཞུགས། སྒྱུ་འཕྲུལ་གསང་བ་སྙིང་པོ་དང་སྤྱི་མདོ་དགོངས་པ་འདུས་པ་སོགས་ལ་འཆད་སྤེལ་མཛད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་ཞལ་གཟིགས་ནས་ཕྱིར་མི་ལྡོག་པའི་ལུང་བསྟན་ཐོབ། མཁའ་འགྲོ་དང་ཆོས་སྐྱོང་རྣམས་བྲན་བཞིན་དུ་འདུ། ཕྲིན་ལས་རབ་འབྱམས་གེགས་མེད་དུ་བསྒྲུབ། གདུལ་བར་དཀའ་བའི་འགྲོ་བ་མང་པོ་རྫུ་འཕྲུལ་གྱིས་ཚར་གཅོད་དང་རྗེས་འཛིན་གྱི་སྒོ་ནས་རྗེས་སུ་བཟུང་བ་སོགས་ངོ་མཚར་བའི་ཕྲིན་ལས་འབད་མེད་དུ་འགྲུབ། ཁྲོམ་གྱི་ཡེ་ཚེ་སུམ་མདོར་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས། ལྷ་ཁང་བཞེངས་སྐབས་ལས་བྱེད་པ་རྣམས་རབ་ཏུ་དཀའ་བའི་དུས་སོ་སྐྱེས་བསམ་སྦྱོར་ངན་པ་ཅན་འགས་ངན་གཡོ་བྱས་ཏེ་ལུག་སྟོང་ཕྲག་ཙམ་ཁྲིད་ནས་རྗེའི་དྲུང་དུ་ལས་བྱེད་པ་རྣམས་འཚོ་བ་བཟའ་རྒྱུ་མེད་པས་འདི་རྣམས་བསད་ནས་ཟ་ན་རུང་ངམ་ཞུས་པས། སོད་དང་ཆོག་གསུངས་ཤ་རྣམས་བླངས་ནས་ལས་བྱེད་པ་རྣམས་ལ་གནང༌། རུས་པ་རྣམས་རང་རང་གི་ལྤགས་པའི་ནང་དུ་ཞོག་ཅིག་གསུངས་ཏེ། སེལ་གོལ་གཅིག་མཛད་ནས་ལྤགས་རུས་རྣམས་ལུག་དངོས་སུ་གྱུར། རྩ་ཟོས་ཆུ་འཐུང་ནས་འབའ་སྒྲ་དི་རི་རི་བྱེད། སླར་སེལ་གོལ་གཅིག་མཛད་པས་ལུག་སྟོང་ཕྲག་པོ་རྣམས་འོད་ཀྱི་ལུས་སུ་གྱུར་ནས་བྱ་བརྒྱ་འུར་རྡོས་དཀྲོག་པ་བཞིན་མཁའ་སྤྱོད་ཀྱི་ཞིང་དུ་དེངས་པས་ཐམས་ཅད་ངོ་མཚར་དུ་གྱུར། བར་ཁྲོད་དང༌། ཡང་ཁྲོད། དམ་ཕུག་རྣམས་སུ་འོད་ལུས་གྲུབ་པ་མང་པོ་བྱོན། འདི་སྐབས་སྒྱུ་འཕྲུལ་དང་རྫོགས་ཆེན་སེམས་ཕྱོགས་ཀྱི་འཆད་ཉན་དང་བསྒོམ་སྒྲུབ་ལྷག་པར་དུ་དར་ཆ་ཆེ་བས་དཔལ་འབར་བ་ནམ་མཁའ་རྡོ་རྗེ་དང་རྡོ་རྗེ་དཔལ་སོགས་ཕྱོགས་མཐའ་དག་ནས་སློབ་ཚོགས་ཤིན་ཏུ་རྒྱས། མོན་ཀཿཐོག་དགོན་དང་ཀོང་པོ་ཀཿཐོག་དགོན་ཟེར་བ་རྣམས་ཀྱང་འདི་སྐབས་ཀྱི་སློབ་ཚོགས་མང་པོ་ཕྱིར་བྱོན་སོང་བའི་གདན་ས་ཡིན། རྒྱའི་བཟོས་པའི་རྟེན་དང་མཆོད་ཆ་ཁྱད་མཚར་ཅན་མང་པོ་སྤྱན་དྲངས། དགུང་གྲངས་ཉི་ཤུ་ནས་རེ་བཞིའི་བར་ཀཿཐོག་གི་གདན་སར་བླ་མ་ཡེ་ཤེས་འབུམ་པའི་རྒྱལ་ཚབ་ཏུ་བཞུགས། མཁས་དང་གྲུབ་པའི་མཚན་སྙན་ཕྱོགས་མེད་དུ་ཁྱབ་པའི་ངང་ནས་མེ་མོ་ཕག་གི་ལོར་ལྷ་མཚམས་ཉ་བའི་ཚེས་དགུ་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །དེ་ལྟར་སྤྱན་སྔ་བ་དང༌། ཡེ་ཤེས་འབུམ། བྱང་ཆུབ་དཔལ་གསུམ་ལ་འབུམ་པ་རྣམ་གསུམ་ཞེས་གྲགས་ཏེ་གདུང་འབུམ་ཡང་ཆོས་རྗེ་ཡབ་སྲས་གསུམ་དང་ཕྱོགས་གཅིག་སྐུ་འབུམ་དུ་བཞུགས་སོ། །

{{#arraymap:བྱང་ཆུབ་འབུམ་པ་

|; |@@@ | | }}