47775

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་རྩེ་བློ་བཟང་ལྷུན་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཆུ་སྟག་ཕྱི་ལོ་ ༡༧༨༢ ལོར་སྟོད་ཀྱི་རྒྱལ་རོང་ཚ་ཁོ་མཆོག་རྩེར་ཡབ་དཀའ་ཐུབ་དང་། ཡུམ་ཀླུ་སྨན་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མིང་ལ་དཀའ་ཐུབ་འབུམ་བཏགས། བརྒྱད་པར་བླ་མ་བློ་གྲོས་ལས་ཡི་གེའི་སྦྱོར་ཀློག་དང་སུམ་རྟགས་དག་གསུམ་སོགས་ལ་བསླབས། བོན་དང་། རྙིང་མ། དགེ་ལུགས་པའི་ཆོས་རྣམས་རིམ་གྱིས་སྦྱངས། རྙིང་མའི་དགོན་པ་ཚང་གནས་སུ་ཞུགས། རྙིང་མའི་ཆོས་སྐོར་ལ་ཐོས་བསམ་མཛད། བཅུ་གསུམ་པར་དཔོན་པོ་ཏཱ་རོ་རྡོ་རྗེ་རྒྱལ་གྱིས་ཡབ་ཡུམ་ཁྲིམས་ལ་སྦྱར་བས། རེ་ཞིག་མི་གཡོག་ཏུ་བཞུགས་དགོས་པ་བྱུང་། བཅུ་དྲུག་པར་ཡབ་དང་ལྷན་ཏྲེ་ཧོར་དང་། ཆབ་མདོ། སྤོ་ཡུལ། ཀོང་པོ། དྭགས་པོ། སྤུར་ཏ། ཀླུ་ཁ་ད་གྲུ་བརྒྱུད་བསམ་ཡས་གཙུག་ལག་ཁང་དང་མཇལ། བཅུ་བདུན་པར་དབུས་ལྷ་ལྡན་དུ་ཕེབས། སེ་ར་དགོན་དུ་བྱོན་ཏེ་ལྷུན་གྲུབ་འཕྲོད་ལམ་ཆེས་མཚན་ལ་བློ་བཟང་ལྷུན་གྲུབ་གསོལ། སེ་ར་སྨད་ཐོས་བསམ་གླིང་དུ་ཞུགས། མཁན་ཟུར་བློ་བཟང་ཐུགས་རྗེ་ལས་དགེ་བསྙེན་དང་། བར་མ་རབ་བྱུང་། དགེ་ཚུལ་བཅས་ཀྱི་སྡོམ་པ་མནོས། མཚན་ལ་བློ་བཟང་བསྟན་འཛིན་གསོལ། གུང་ཐང་ཆོས་ཁྲི་གྲགས་པ་མཁས་གྲུབ་དང་རྒྱལ་རོང་བཟོད་པ་ལྷུན་གྲུབ་བཅས་ལ་བསྟེན་ནས་བསྡུས་གཞུང་། བཀའ་པོད་ལྔ་དང་བཅས་པར་སྦྱངས། ཡབ་ཡུམ་གཉིས་ཀྱང་རབ་ཏུ་བྱུང་། གྲོང་ཆོག་སོགས་སུ་ཕེབས་ཏེ་འབྱོར་བའི་རྒྱུ་རྫས་རྣམས་འདིའི་སློབ་ཡོན་དུ་གནང་། ཉེར་གཅིག་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་སོགས་ལས་བསྙེན་པར་རྫོགས། བཀའ་ཆོས་མན་ངག་མང་དུ་གསན། དགུང་ལོ་སོ་གསུམ་པར་གླིང་བསྲེའི་གྲྭ་སྐོར་མཛད། དཀའ་བཅུ་པའི་མཚན་བཏགས་བཞེས། སོ་ལྔ་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། ལྷ་རམས་པའི་མཚན་བཏགས་ཨང་གསུམ་པ་བཞེས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས། གསང་སྔགས་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་བར་མཛད། སྔགས་ཀྱི་དམ་བཅའ་ཐོན་ནས་སྔགས་རམས་པའི་མཚན་བཏགས་བཞེས། ཞེ་གཅིག་པར་རྒྱུད་པའི་དགེ་བསྐོས་མཛད། ཚེ་སྨོན་གླིང་ཕོ་བྲང་གསར་རྒྱག་མཛད། ཞེ་ལྔ་པར་སྨད་རྒྱུད་ཀྱི་བླ་མ་དབུ་མཛད་ཀྱི་ཁྲིར་བཞུགས། ཞེ་དགུ་པར་སྨད་རྒྱུད་ཀྱི་མཁན་པོའི་ཁྲི་ལ་བཞུགས། འཆད་ཉན་དང་གཏོང་སྒོ་གང་ཐད་ནས་མི་དམན་པར་མཛད། ང་དྲུག་པར་བྱང་རྩེའི་ཁྲི་ལ་བཞུགས། མདོ་སྔགས་འཆད་ཉན་མཛད། རེ་གཉིས་པ་རབ་བྱུང་བཅུ་བཞི་པའི་ཆུ་ཡོས་ཕྱི་ལོ་ ༡༨༤༣ ལོར་དགའ་ལྡན་གསེར་ཁྲིར་བཞུགས། ལོ་ལྔའི་རིང་གསེར་ཁྲི་བསྐྱངས། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། རེ་གསུམ་པ་རབ་བྱུང་བཅུ་པའི་ཤིང་འབྲུག་ཕྱི་ལོ་ ༡༨༤༤ ལོར་རྒྱལ་བ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་དུ་བཀུར། མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་ཕུལ། རེ་དྲུག་པ་རབ་བྱུང་བཅུ་བཞི་པའི་མེ་ལུག་ ༡༨༤༧ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་དོན་བཞི་པ་ཡིན།
Synonyms ཁྱུང་རོ་བློ་བཟང་ལྷུན་གྲུབ། དཀའ་ཐུབ་འབུམ། བློ་བཟང་ལྷུན་གྲུབ། བློ་བཟང་བསྟན་འཛིན།

{{#arraymap:བྱང་རྩེ་བློ་བཟང་ལྷུན་གྲུབ་

|; |@@@ | | }}