47946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་མེ་ཆོས་སེང་བརྒྱད་པ་ཆོས་ཀྱི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཁོང་གི་འཁྲུངས་ཡུལ་ནང་ཆེན་གཟེ་སྨད་བྲག་སེར་ལྐོག་ཏུ་ཡབ་རས་པ་བཀྲ་ཤིས་དང་། ཡུམ་སེ་རོལ་ཐམ་སོ་བཟའ་ཚེ་རིང་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལོར་སྐུ་འཁྲུངས། འབྲུག་པ་ཆོས་མགོན་བརྒྱད་པ་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་དང་། ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་གཉིས་ནས་མགྲིན་གཅིག་གིས་བླ་མ་གོང་མའི་ཡང་སྲིད་དུ་བཀའ་ལུང་བསྩལ། མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་ནས། མཚན་ཆོས་ཀྱི་རྒྱལ་མཚན་དང་། རིག་པའི་རྡོ་རྗེ་ནས། མཚན་ཀརྨ་བསྟན་འཛིན་འཕྲིན་ལས་ཀུན་ཁྱབ་ཅེས་སོ་སོ་ནས་མཚན་ཡང་གསོལ། དེ་དུས་བརྟགས་ཡིག་ནང་འཁོད་ཀྱི་བྱིས་པ་ལོ་ཁམས་སོགས་འདྲ་བ་ཁ་ཡན་པ་བྱུང་བ་ལས་སླར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་དགོངས་པ་དང་། ར་ཁྲོ་གཏེར་སྟོན་གྱི་གཏེར་ལུང་བཅས་དང་མཐུན་པར་ཁྲུན་ཐག་བཅད། དགུང་ལོ་དྲུག་སྐབས་བྱམས་མེ་ལྷ་མཆོག་སྐུ་ཕྲེང་དྲུག་པ་ཀུན་བཟང་འཇིགས་མེད་མཆོག་གིས་ཆོས་ཁྲིར་མངའ་གསོལ། མཚན་ཀུན་བཟང་བཤད་སྒྲུབ་བསྟན་པའི་ཉིན་བྱེད་དུ་གསོལ། ཁམས་སྤྲུལ་བརྒྱད་པ་བསྟན་པའི་ཉིན་བྱེད་དབུས་སུ་ཕེབས་སྐབས་གཙུག་ཕུད་ཕུལ། མཚན་འཇིགས་མེད་ཆོས་ཀྱི་སེང་གེ་དོན་བརྒྱུད་བསྟན་པ་ཡར་འཕེལ་དུ་གསོལ། དགུང་ལོ་དྲུག་ནས་ཀློག་དང་ཆོས་སྤྱོད་སོགས་ལ་སྦྱངས་པ་མཛད། སྐུ་ནར་སོན་པ་དང་ནང་ཆེན་ཨ་ལྡེའུ་རིན་པོ་ཆེའི་མདུན་ནས་སྒྲུབ་ཐབས་སྐོར་ལྔ་སོགས་དབང་ལུང་མང་དུ་གསན། དགུང་ལོ་བཅོ་ལྔའི་ཐོག་གནས་ཁང་མཁན་པོ་ཉི་མའི་དྲུང་ནས་རབ་ཏུ་བྱུང་བའི་མཚན་ལ། ཐུབ་བསྟན་འཇིགས་མེད་སྐལ་བཟང་སྙན་གྲགས་ཀུན་ཁྱབ་ཅེས་གསོལ། མཆོག་གླིང་གསུམ་པ་པདྨ་འཇིགས་མེད་མདུན་ནས་གཏེར་གསར་གྱི་དབང་ལུང་ཡོངས་རྫོགས་ཞུས། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མདུན་ནས་བྱང་ཆུབ་སེམས་སྡོམ་དང་། བྱམས་མེ་ལྷ་མཆོག་དྲུང་ནས་དབང་ལུང་ཁྲིད་སྣ་ཚོགས་གསན་ཅིང་སྒྲུབ་པ་ཉམས་ལེན་དང་བསྙེན་ཚད་ཀྱང་བསྐྱལ། རིམ་བཞིན་དགུང་གྲངས་བཅོ་བརྒྱད་ཙམ་ནས་དགོན་འདིའི་ཕྱི་ནང་གི་གཙོ་འགན་བཞེས་ཤིང་བསྟན་འགྲོ་ལ་སྨན་པའི་མཛད་བཟང་བསྐྱངས། ཕྱི་ལོ་ ༡༩༥༨ ལོར་དུས་ཟིང་སྐབས་ཉེན་བྱོལ་དུ་ཕེབས་སྐབས་དམག་གིས་བཟུང་སྟེ་ལོ་བཅོ་ལྔ་ཙམ་ཟི་ལིང་གི་བཙོན་དུ་བཅུག དེ་ནས་བཟང་བཙོན་ལྟ་བུའི་ལས་བཟོ་བ་ལོ་བཅུ་གསུམ་ཙམ་མཛད། མཐར་བཙོན་གྲོལ་བྱུང་ནས་རང་ཡུལ་དུ་ཕེབས། ཕྱི་ལོ་ ༡༩༨༡ ལོ་ནས་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་རིམ་བཞིན་དོན་བབ་ལྟ་བུ་བྱུང་བ་དང་བསྟན་པ་ཡང་དར་གྱི་དབུ་ཚུགས། འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་གནང་བ་བརྒྱུད་སླར་ཡང་དགོན་པ་འདི་ཉིད་བསྐྱར་བཞེངས་དང་ཉམས་གསོའི་ངལ་བ་ལྷུར་ལེན་མཛད་པ་དང་། བསྟན་འགྲོའི་དོན་དུ་ད་ལྟའང་འཚོ་གཞེས་བཞུགས་པའོ། །

{{#arraymap:བྱམས་མེ་ཆོས་སེང་བརྒྱད་པ་ཆོས་ཀྱི་རྒྱལ་མཚན་

|; |@@@ | | }}