47952

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་མེ་ལྷ་མཆོག་ལྔ་པ་ཆོས་དཔལ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི། མདོ་སྟོད་ཟླ་རྒྱུད་དགེ་རྒྱས་དཔོན་ཚང་དུ། ཡབ་ཚེ་དབང་རྣམ་རྒྱལ་དང༌། ཡུམ་ནང་ཆེན་བྲའུ་བཟའ་ཚེ་རིང་དཔལ་མཚོའི་སྲས་སུ། རབ་བྱུང་བཅུ་བཞི་པའི་ཆུ་ཡོས་ ༡༨༤༣ ལོར་འཁྲུངས། ཆུང་ངུ་ནས་འཁྲུལ་ཞིག་ཨ་ལྡེའུ་ལྔ་པས་མཚན་ཚེ་དབང་དཔལ་འབྱོར་ཞེས་བཏགས། སྐྱབས་སྡོམ་དང་དགེ་བསྙེན་གྱི་སྡོམ་པ་སྩལ། མཚན་ངག་དབང་ཆོས་དཔལ་རྒྱ་མཚོ་ཕྲིན་ལས་རབ་རྒྱས་དཔལ་བཟང་པོའི་སྡེར་བསྩལ། ཁམས་སྤྲུལ་ལྔ་པའི་བརྟག་ཡིག་ལྟར། དགུང་ལོ་དགུ་ལ་ཁྲི་གསོལ་ཞུས། ཡོངས་འཛིན་མཁན་བསྟན་འཛིན་ཆོས་དབང་ནས། སྐུ་ཡོན་རྣམས་རིམ་གྱིས་ཕུལ། བཅུ་གཉིས་ལ་ཆོས་མགོན་བདུན་པ། ཁམས་སུ་ཕེབས་སྐབས་རབ་ཏུ་བྱུང་། མཚན་ངག་དབང་བསྟན་འཛིན་བློ་གྲོས་གནང༌། བཅུ་དྲུག་ནས་གྲུབ་དབང་ཚོགས་གཉིས་ཀྱི་མདུན་ནས་གསར་རྙིང་གི་སྨིན་གྲོལ་དང་། ཉེར་གཉིས་ལ་ཀརྨ་པ་ཐེག་མཆོག་རྡོ་རྗེའི་མདུན་ནས་བསྙེན་པར་རྫོགས། རྒྱལ་བའི་དབང་པོ་དེ་ཉིད་དང༌། དཔའ་བོ་དགུ་པ་གཙུག་ལག་ཉིན་བྱེད། ཀརྨ་བསྟན་རྒྱས་ཆོས་འཕེལ། རིག་འཛིན་ཆོས་རྒྱལ་རྡོ་རྗེ། གཏེར་སྲས་མཐུ་སྟོབས་རྡོ་རྗེ། སྒྲུབ་སྤྲུལ་ཕྲིན་ལས་སྒྲུབ་བརྒྱུད། ཀརྨ་པ་མཁའ་ཁྱབ་རྡོ་རྗེ། མཁས་གྲུབ་ངག་དབང་ཆོས་འབྱོར། མཁན་ཆེན་ཟླ་བ་བཟང་པོ། རྒན་དཔལ་གྱི་དབང་ཕྱུག་སོགས་བཤེས་གཉེན་མང་པོ་བསྟེན་ནས་གསར་རྙིང་གི་དབང་ལུང་ཁྲིད་གསུམ་གསན་བསམ་མཛད། མཁས་པ་མང་པོ་དང་འབེལ་གཏམ་གྱིས་མཁས་པའི་སྙན་གྲགས་རྒྱས། སུམ་ཅུ་ལ་དབུས་གནས་ཕལ་ཆེར་མཇལ། འབྲུག་ཆེན་དགུ་པའི་མདུན་ནས་ཟབ་ཆོས་མང་པོ་ཞུས། སླར་ཁམས་སུ་ཕེབས། ཚེས་བཅུ་དགོན་དུ་དབྱར་གནས་གསར་ཚུགས་དང་མཁན་པོ་ཐེངས་གཉིས་ཙམ་གནང་། ཞེ་བཞི་ལ་ཁམས་སྒར་དུ་བྱོན། ཁམས་སྤྲུལ་བསྟན་པའི་ཉི་མ་ལས། རྡོར་ཕྲེང་སོགས་གྱི་དབང་ལུང་གསན། མཁྱེན་ཀོང་གཉིས་ལས་མདོ་རྒྱུད་མང་པོ་གསན། གཏེར་ཆེན་པདྨ་དགྱེས་པ་ཡེ་ཤེས་རོལ་པ་རྩལ་གྱིས་ཆོས་བདག་ཏུ་མངའ་གསོལ་ཅིང༌། གཏེར་བྱུང་གུ་རུའི་ཐུགས་ཐིག་གི་ཁྲིད་ཡིག་མཛད། སྨན་ལ་མཁས་པས་ཨ་ལྡེ་དང༌། ཡང་དབེན་མཁན་ཆེན་སོགས་སྙུན་ལས་གྲོལ་བར་མཛད། གསོ་རིག་འཆད་སྤེལ་སོགས་འགྲོ་ཕན་ཆེ། དབང་ལུང་གི་རྒྱུན་ཡང་རྒྱ་ཆེར་སྤེལ། གདན་སར་དཔེ་མཛོད་ཁང་སོགས་རྟེན་གསུམ་མང་པོ་གསར་དུ་བཞེངས། དྲུག་ཅུའི་ནང་ཙམ་ནས་བཅད་རྒྱར་བཞུགས་ཏེ་དགེ་སྦྱོར་ཐང་ལྷོད་མེད་པར་གནང་བའི་མཐར། དགུང་ལོ་རེ་བརྒྱད་པ་ལྕགས་ཁྱི་ ༡༩༡༠ ལོར་ཞི་བར་གཤེགས་སོ། །སྨན་གྱི་ཟིན་བྲིས། སྡོམ་པ་ཉི་ཤུ་པའི་འགྲེལ་བ། སྒྲུབ་སྤྲུལ་བླ་བརྒྱུད་རྣམ་ཐར་གྱི་ཁ་སྐོང༌། ཁམས་སྤྲུལ་བསྟན་ཉིའི་རྣམ་ཐར། རང་རྣམ་རྒྱས་པ། སྲུང་མའི་བཀའ་གཏད་སྐོར་སོགས་བཀའ་འབུམ་པོད་རེ་ཟུང་བཞུགས། ཞལ་སློབ་གཙོ་བོ་ནི། ལྷོ་གྲུབ་དབང་སྤྲུལ་སྐུ། ཕལ་རྗེ། ཨ་ལྡེ་བདུན་པ། འཁྲུལ་ཞིག་སྐྱབས་གནས། བྱམས་སྤྲུལ་དྲུག་པ། གྲུབ་དབང་ཚོགས་གཉིས་མཆོག་སྤྲུལ། ལྷོ་གྲུབ་ཆེན་རྗེ་དྲུང༌། རྟོགས་ལྡན་ངག་དབང་དགེ་ལེགས། འཇམ་སྤྲུལ་བསྟན་པའི་རྒྱལ་མཚན། གནམ་མཚོ་དོ་པ་ཀརྨ་འོད་ཟེར། གནས་མདོ་བུམ་སྒྲུབ་བླ་མ་ཀརྨ་ཕུན་ཚོགས། ནང་ཆེན་ཆོས་རྒྱལ་སོགས་དང༌། དབང་ལུང་སྤེལ་མར་གསན་པའང་ཡང་དབེན་མཁན་ཆེན། བསྟན་འཕེལ་དགེ་བཤེས་ཀུན་བཟང་ཟླ་འོད་བཅས་མང་ངོ༌། །

{{#arraymap:བྱམས་མེ་ལྷ་མཆོག་ལྔ་པ་ཆོས་དཔལ་རྒྱ་མཚོ་

|; |@@@ | | }}