48557

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲག་དཀར་བ་བཀའ་བརྒྱུད་བསྟན་འཛིན་ནོར་བུ་ (1)
Part of speech མིང་ཚིག
Definition ཁོང་ནི། ཡབ་བྲག་དཀར་རྟ་སོའི་གདན་ས་པ་རིག་འཛིན་ཕྲིན་ལས་ཆོས་དབང་དང༌། ཡུམ་ལྷ་མོ་ཚེ་རིང་ཞེས་པའི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ས་ཕག་ ༡༨༩༩ ལོར་འཁྲུངས། དགུང་ལོ་བདུན་ནས་བཅོ་བརྒྱད་བར་མེས་པོ་ཀུན་ཕྲིན་པས་བསྐྱངས་ཏེ། ཉིད་ལ་བཞུགས་པའི་བརྒྱུད་པའི་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ་དུ་ཐོབ། ཡབ་ཀྱིས་སྨན་དང་ནག་རྩིས་སོགས་བསླབས། གཞན་ལས་ཀྱང་རིག་གནས་མང་པོ་སྦྱངས། གདུང་རྒྱུད་སྤེལ་ཕྱིར་ཚེ་རིང་སྒྲོལ་མ་ལྕམ་དུ་བཞེས་ཤིང་། དགུང་ལོ་ཉེར་དྲུག་ལ་ལྕམ་སྐྱེ་ནད་ཀྱིས། མ་བུ་གཉིས་ཀ་ཚེ་མ་ཟིན་པའི་རྐྱེན་གྱིས། ཐུགས་སྐྱོ་ནས་དབུས་གཙང་ཕྱོགས་སུ་ཆོས་ལ་ཕེབས། སྨིན་གླིང་མཁན་པོ་ཨོ་རྒྱན་འགྱུར་མེད་བསྟན་དར་ལས་དགེ་ཚུལ་སློང་ནོད། མཚན་བསྟན་འཛིན་རྡོ་རྗེ་བཏགས། རྒྱལ་ཁམས་སྐོར་བར་བཞེད་ཀྱང་མ་རྒན་བོར་མ་བཟོད་ནས་སླར་གདན་སར་བྱོན། ཀཿཐོག་རིག་འཛིན་སྤྲུལ་སྐུ་པདྨ་ཀུན་བཟང༌། དཔལ་སྡིངས་པ་ཡེ་ཤེས་མཆོག་ལྡན། རོང་སྐུ་ཞབས་བསྟན་འཛིན་རྡོ་རྗེ། ཁྱུང་པོ་པ་རྗེ་ཀརྨ་ལམ་མཆོག་བཟང་པོ། འགུ་ལོག་བྱ་བྲལ་འཇིགས་མེད་འོད་ཟེར། དགེ་བཤེས་གཞན་ཕན་ལེགས་གྲུབ། བཀྲས་ལྷུན་བཀའ་འགྱུར་བླ་མ་ངག་དབང་ཆོས་བཟང༌། མཁས་གྲུབ་སངས་རྒྱས་བཟང་པོ་སོགས་བསྟེན་ནས་གསར་རྙིང་གི་དབང་ལུང་ཁྲིད་རྒྱ་ཆེར་གསན། པདྨ་ཆོས་རྒྱལ་གྱི་མདུན་ནས། འབྲུག་པའི་ཆོས་སྐོར་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་གསན་ཏེ། བྲག་སྐྱ་རྡོ་རྗེ་རྫོང་དུ་ལོ་གསུམ་ལ་བཅད་རྒྱར་བཞུགས། གདན་ས་རྩིབས་རིར་ཉམས་གསོ་དང་རྟེན་གསུམ་གསར་བཞེངས། མཆོད་ཐེབས་གསར་འཛུགས་མང་པོ་མཛད་པའི་ཁར། ཁྲིད་དཔོན་རིན་པོ་ཆེས་རྩིབས་རིར་སྒྲུབ་སྡེ་འཛུགས་སྐབས་མ་རྩའི་དངུལ་ཊམ་དང་ཕོགས་དོད་གཞིས་ཀ་སྦྱར་ཞིང༌། བླ་མའི་བཀའ་བཞིན་གདན་སར་གྲྭ་པའི་སྒྲུབ་སྡེ་དང༌། བྲག་དགོན་དུ་བཙུན་མའི་སྒྲུབ་སྡེ་གསར་བཞེངས་ཕོགས་ཐེབས་དང་བཅས་པ་བསྩལ། མཁན་རིན་པོ་ཆེ་སངས་རྒྱས་བཟང་པོའི་བཞེད་པ་ལྟར། གཞུང་ཆེན་བཅུ་གསུམ་གྱི་བཤད་གྲྭ་གསར་འཛུགས་མཛད་ནས། བཤད་སྒྲུབ་གཉིས་པོ་དར་སྤེལ་ཆེད་འབད་པ་བརྒྱ་ཕྲག་ལྷུར་བཞེས་གནང༌། གཞན་ཡང་ནུབ་རི། རོང་ཐག གློ་མགར་ཕུག་དགོན། གློ་དགེ་སྒར་སོགས་སུ་ཕེབས་བཞུགས་ཀྱིས་བསྟན་དགོན་ཉམས་གསོ་དང༌། སྐྱ་སེར་འདུས་པ་མང་པོར་གསར་རྙིང་གི་སྨིན་གྲོལ་ཟབ་མོའི་ཆོས་འཁོར་ཡང་ཡང་བསྐོར། དེ་མཚུངས་གཞིས་རྩེ་ཁུལ་འབྲུག་དགོན་བསམ་གྲུབ་ཆོས་གླིང་དུ་མཆོག་སྤྲུལ་རིན་པོ་ཆེའི་བཀའ་དགོངས་ལྟར་ཕེབས་ནས། གྲྭ་བཙུན་རྣམས་ལ་སོ་བྱང་གི་སྡོམ་འབོག་དང་འབྲེལ་སྡོམ་གསུམ་དང༌། ཕྱག་ཆོས་སོགས་ཀྱི་བཀའ་ཁྲིད། དེ་བཞིན་ནུབ་དགོན་སོགས་གཙང་གི་དགོན་གནས་དུ་མར་ཞབས་ཀྱིས་བཅགས་ཏེ་ཆོས་སྦྱིན་སྩལ། རྟོག་གེ་བ་ཆོས་མཛད་ཟེར་བས་ཐོས་གྲོལ་ལ་དགག་པའི་རྩོད་ལན་དང་ཡང་ལན་དུ་མ་ཞིག་མཛད་ནས་རྙིང་བསྟན་ལ་དག་ཐེར་ཅི་ཡང་གནང༌། གསུང་རྩོམ་ཡང་ཐོས་གྲོལ་དགག་ལན་དང༌། ཉམས་མགུར་ཞལ་གདམས་ཐོར་བུའི་སྐོར་བཅས་པོད་གཅིག་ཙམ་ད་ལྟར་མཇལ་དུ་ཡོད། དགུང་ལོ་རེ་གཅིག་པ་ས་ཕག་ ༡༩༥༩ ལོར་ཞི་བར་གཤེགས་སོ། །

{{#arraymap:བྲག་དཀར་བ་བཀའ་བརྒྱུད་བསྟན་འཛིན་ནོར་བུ་

|; |@@@ | | }}