48559

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲག་དཀར་རྟ་སོ་དབུ་མ་རྫོང་དགོན་ (1)
Part of speech མིང་ཚིག
Definition བྲག་དཀར་རྟ་སོ་དབུ་མ་རྫོང་དགོན་འདི་རྗེ་མི་ལའི་སྒྲུབ་གནས་ཤིག དེང་གི་གནས་ཡུལ། བོད་དབུས་སྟོད་མངའ་རིས་མང་ཡུལ། སྐྱིད་གྲོང་རྫོང་ནས་ས་ཐག་མི་རིང་བར་དགོན་འདི་ཆགས་ཡོད། རྗེ་མི་ལའི་ཕྱི་ཡི་རྫོང་དྲུག ནང་གི་རྫོང་དྲུག གསང་བའི་རྫོང་དྲུག ཡང་རྫོང་གཉིས། ཕུག་ཆེན་བཞི། གངས་དཀར་ཏེ་སི་ལ་སོགས་མང་དུ་ཡོད་ཀྱང་། གནས་མཆོག་འོག་མིན་བྲག་དཀར་རྟ་སོ་དབུ་མ་རྫོང་འདི་ཉིད་སྒྲུབ་གནས་ཀྱི་ལྟེ་བའམ་གཙོ་བོར་གྱུར་པ་ཞིག་ཡིན་འདུག། གནས་འདིར་གྲུབ་ཐོབ་གླིང་ཆེན་རས་པ། འགྲོ་མགོན་གཙང་པ་རྒྱ་རས། རྒོད་ཚང་བ་མགོན་པོ་རྡོ་རྗེ། གྲུབ་ཐོབ་ཨོ་རྒྱན་པ། གྲུབ་ཐོབ་རྡོར་འཛིན། གཡག་རུང་དཔལ་གྲགས། རྗེ་རེ་མདའ་བ་གཞོན་ནུ་བློ་གྲོས། གྲུབ་ཐོབ་རྒྱལ་མཚན་འབུམ། གཙང་སྨྱོན་ཧེ་རུ་ཀ་པ། དབུས་སྨྱོན་ཀུན་དགའ་བཟང་པོ། ཀརྨ་པ་རང་བྱུང་རྡོ་རྗེ་སོགས་གནས་འདིར་བཞུགས་འདུག། གཙང་སྨྱོན་པའི་སློབ་མ་གུང་ཐང་ཆོས་རྒྱལ་གྱི་སྲས། ལྷ་བཙུན་རིན་ཆེན་རྣམ་རྒྱལ་གྱིས་དགོན་པ་ཐོག་མར་ཕྱག་འདེབས་པར་མཛད། (གཙང་སྨྱོན་རབ་བྱུང་བརྒྱད་པའི་ཆུ་སྤྲེལ་ ༡༤༥༢ ལོར་འཁྲུངས། ང་དྲུག་མེ་ཡོས་ ༡༥༠༧ ལོར་མྱ་ངན་ལས་འདས། ) ཁྲི་འཛིན་གཉིས་པ། གནས་ས་རབ་འབྱམས་པ་བྱམས་པ་ཕུན་ཚོགས། གསུམ་པ། རས་ཆེན་ཀརྨ་ཆོས་འཕེལ། བཞི་པ། སྤྲུལ་སྐུ་འཕྲིན་ལས་མཆོག་ལྡན། ལྔ་པ། མདོ་སྔགས་བསྟན་འཛིན་གྲུབ་མཆོག་ཡེ་ཤེས་ཆོས་གྲགས། དྲུག་པ། གཡུ་སྒྲ་སྙིང་པོའི་ཕྲིན་ལས་ཀྱི་སྤྲུལ་པ་རས་ཆེན་ཀརྨ་ཆོས་འཕེལ། བདུན་པ། ཀུན་གཟིགས་ཆོས་ཀྱི་དབང་ཕྱུག བརྒྱད་པ། ཐུགས་སྲས་ཀརྨ་དགེ་ལེགས། དགུ་པ། ཀུན་བཟང་འཕྲིན་ལས་རྒྱ་མཚོ། བཅུ་པ། རྡོ་དམར་བ་གདུང་སྲས་རིག་འཛིན་དམ་པ། བཅུ་གཅིག་པ། བྱ་བྲལ་སྐུ་ཞབས་ཚེ་དབང་། བཅུ་གཉིས་པ། བྲག་དཀར་བ་བཀའ་བརྒྱུད་བསྟན་འཛིན་ནོར་བུ། བཅུ་གསུམ་པ་རས་ཆེན་ཀརྨ་བསྟན་པའི་རྒྱལ་མཚན་བཅས་བྱོན་འདུག བསྟན་པ་ཡང་དར་སྐབས་དགོན་སྡེ་སླར་གསོ་ཇི་ལྟར་ཞུས་པ་དང་ད་ཡོད་སྐུ་གསུང་ཐུགས་རྟེན་སོགས་ཀྱི་སྐོར། ཆུ་ཕག་ ༡༩༨༣ ཙམ་ནས་སླར་ཡང་མཁས་གྲུབ་དཀར་བརྒྱུད་བསྟན་འཛིན་རིན་པོ་ཆེའི་དངོས་སློབ། སྒྲུབ་བརྒྱུད་བསྟན་འཛིན་ནམ་བཤད་གྲྭ་བ་བསྟན་འཛིན་མཆོག་གནས་འདིར་སྒྲུབ་པ་མཛད་དེ་ལོ་གསུམ་ཙམ་བཞུགས། སྐབས་དེར་བཙུན་མ་ཤེས་རབ་ཆོས་སྒྲོན་སོགས་བཙུན་མ་ཁག་ཁོང་གི་སློབ་མར་འདུས། རིམ་བཞིན་མེ་སྟག་ ༡༩༨༦ ལོ་ནས་ལྷ་ཁང་ཁག་སླར་གསོ་ཞུ་རྒྱུའི་དབུ་བཙུགས། བཤད་གྲྭ་བ་བསྟན་འཛིན་མཆོག་བློ་བུར་དུ་སྐུ་གཤེགས་པར་བརྟེན། དགོན་དེར་བཙུན་མ་ཁ་ཤས་ལས་མེད་སྟབས་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་ཡོད། བཙུན་མ་རྒན་གྲས་ཤེས་རབ་ཆོས་སྒྲོན་ལགས་ནས་དཀའ་ངལ་ཁྱད་གསོད་ཀྱིས་རྟེན་སྐུ་གསུང་ཐུགས་རྟེན་དང་། ཆོ་ག་ཕྱག་ལེན་སོགས་མ་ཉམས་པར་ཁྱོན་བཙུན་མ་བཅུ་བདུན་ཙམ་ཡོད་འདུག གཙང་བསམ་ཆོས་རིན་པོ་ཆེ་གདན་དྲངས་ཏེ། འབྲུག་ལུགས་ཀྱི་ཕྱག་ཆེན་སོགས་བཀའ་ཁྲིད་ཞུས་ཏེ་དགོན་པ་སྐྱོང་བཞིན་པ་མ་ཟད། དེང་སྐབས་སྐྱིད་གྲོང་རྫོང་ཁོངས་ཀྱི་དགོན་པ་ལེགས་གྲས་ཤིག་ཆགས་ཡོད་འདུག།

{{#arraymap:བྲག་དཀར་རྟ་སོ་དབུ་མ་རྫོང་དགོན་

|; |@@@ | | }}