50624

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་གསང་སྔགས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ལུང་དང་རྟོགས་པའི་དབང་ཕྱུག་མཁན་ཆེན་ངག་དབང་གསང་སྔགས་རྒྱ་མཚོ་མཆོག་ནི། མགོ་ལོག་གོང་མའི་མངའ་འོག་ལམ་ཀོ་ཞེས་པའི་ཚོ་སྡེར་སྐུ་འཁྲུངས། སྐུ་ན་ཚོད་རྫོགས་ཤིང་ཀློག་སོགས་ཤེས་པའི་མཚམས་ཤིག་ནས་འཛམ་ཐང་གཙང་བའི་གཟིམས་ཁང་དུ་རྡོ་རྗེ་སློབ་དཔོན་ངག་དབང་དོན་ལྡན་གྱི་དྲུང་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ལེགས་ཞུས་ཉམས་ལེན་གནང་། མཚན་ངག་དབང་གསང་སྔགས་རྒྱ་མཚོ་ཞེས་པ་གསོལ། འཛི་ཡུལ་ནས་ཆོས་ལ་ཐོས་བསམ་སྒོམ་གསུམ་ཡུན་རིང་གནང་། དེ་རྗེས་རང་ཡུལ་ཕྱོགས་སུ་ཕེབས་ནས་མདོ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་དང་། སློབ་གཉེར་བ་རྒྱུན་བཞུགས་འགའ་ཞིག་ལ། བསྡུས་གྲྭ། ཕར་ཕྱིན། དབུ་མ་སོགས་མདོ་སྔགས་གང་མཁོ་དེ་མཐུན་གྱི་གཞུང་ལུགས་འཆད་ཁྲིད་གནང་། འདི་སྐོར་དུ་ཁོང་ལ་མཁན་པོའི་མཚན་ཆགས། ཆོས་སྒར་ཆེ་བའི་མངའ་བདག་སྐྱབས་མཆོག་སྨོན་ལམ་བཟང་པོ་དང་གོང་མའི་དཔོན་སོགས་ཀྱི་བཀའ་བཀོད་ལ་བརྟེན་ཆོས་སྒར་ཆེ་བར་ཕེབས། ལོ་ཤས་རིང་ཀླད་བླ་མ་རྗེ་དམ་པ་མཆོག་ལ་རོགས་རམ་དང་བཤད་སྒྲུབ་ཟུང་འབྲེལ་ལས་གཙོ་བོར་བཤད་གྲྭ་བའི་སློབ་དཔོན་མཛད། རྗེས་སུ་རྗེ་སྨོན་ལམ་བཟང་པོ་རང་གི་རྒྱལ་ཚབ་ཏུ་མངའ་གསོལ་བ་ལྟར་མཁན་པོ་རང་གིས་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཁུར་བཞེས་ཏེ་ཆོས་སྡེ་སྤྱིའི་ཞལ་བདག་མཛད་བཞིན་སྦྱོར་དྲུག་པ་ཆོས་ཚན་སྔ་ཕྱི་ཡོད་ཚད་དང༌། ནཻ་གུ་པ་དང༌། རྡོར་སེམས་སྒྲུབ་གྲྭ་པ་དང༌། གཞན་བསྐྱེད་རིམ་པ་སྣ་ཚོགས་སོགས་སྒྲུབ་བརྒྱུད་གཙོ་བོ་འཛིན་སྐྱོང་སྤེལ་བ་དང་ཆབས་ཅིག་ཏུ་དབུ་ཕར་སོགས་བཀའ་པོད་ལྔ་དང་། སྔགས་རིམ་སོགས་སྔགས་ཀྱི་གཞུང་ལུགས། དེ་བཞིན་དུ་རིག་གནས་ཕྲ་མོ་ཚུན་གྱི་སྲོལ་རྒྱུན་ཉམས་མེད་བཅས་ཀྱིས་ལུང་དང་རྟོགས་པའི་བསྟན་པ་སྒོ་ཐམས་ཅད་ནས་སྔར་ལས་ལྷག་པར་བསྐྱངས། དེ་ལྟར་སྔ་རྗེས་ལོ་གྲངས་བརྒྱད་ཙམ་གྱི་རིང་དུ་བཤད་སྒྲུབ་ཟུང་དུ་འབྲེལ་བའི་བསྟན་པ་རླབས་ཆེན་གྱི་རྒྱུན་ལེགས་པར་བསྐྱངས་བཞིན་བསྟན་འགྲོའི་ཕན་བདེའི་དཔལ་དུ་ཉེ་བར་བཞུགས་པ་ཡིན་ནའང་མཚམས་ཤིག་ནས་དུས་ཀྱི་བསྐལ་བ་ཤིན་ཏུ་དམན་པའི་རང་རྟགས་དར་ལ་བདོ་བའི་སྐབས་སུ་སླེབས་ཚེ་མཁན་རྡོ་རྗེ་འཛིན་པ་ཆེན་པོ་གང་ཉིད་ཀྱང་དུས་ཀྱི་གཡུལ་ཆེན་བདོ་བའི་དཔུང་གིས་དབང་མེད་དུ་བཅིངས་ནས་ཟི་ལང་ཕྱོགས་སུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །

{{#arraymap:མཁན་ཆེན་གསང་སྔགས་རྒྱ་མཚོ་

|; |@@@ | | }}