50628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་ངག་གི་དབང་པོ་ (1)
Part of speech མིང་ཚིག
Definition ཀཿཐོག་བཤད་གྲྭ་ནོར་བུའི་ལྷུན་པོའི་མཁན་རབས་གཉིས། ཁྲོམ་སྨད་རྟ་ཁོག་གླིང་རྨོག་པདྨ་བྲག་དཀར་དང་ཉེ་བར་སྨུག་པོ་སྡོང་གི་རིགས་ལས་རབ་བྱུང་བཅོ་ལྔ་པའི་ས་མོ་ཡོས་ལ་ ༡༨༧༩ སྐུ་འཁྲུངས། དགུང་གྲངས་བཅོ་ལྔ་པར་མཁན་ཆེན་རྒྱལ་མཚན་འོད་ཟེར་ལས་རབ་ཏུ་བྱུང་ཞིང༌། ཕྱིས་དགུང་ལོ་ཉི་ཤུ་པར་བསྙེན་རྫོགས་བསྒྲུབས་ཏེ་འདུལ་བའི་བཅས་མཚམས་ལས་མི་འདའ་བར་མཛད། ལས་བྱང་སྡོམ་ཆོ་གས་བླངས། གཏེར་ཆེན་འཇིགས་བྲལ་མཐུ་སྟོབས་གླིང་པ་ལས་ཀློང་གསལ་དབང་ལུང་ཚང་མ་གསན་ནས་སྡོམ་པ་གསུམ་ལྡན་དུ་མཛད་པ་ཡིན། ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཏེ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཐུན་མིན་གཞི་ཁྲེགས་ཆོད་ལམ་ཐོད་རྒལ་བཅས་པའི་སྨིན་ཁྲིད་རྣམས་མན་ངག་སྙན་བརྒྱུད་ཀྱི་ཚུལ་དུ་གསན་ནས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར། རྫོགས་ཆེན་དུ་ཕེབས་ནས་དབུ་ཕར། འདུལ་མཛོད། ཚད་མ། སྒྲ་སྙན་དངགས། བཟོ་གསོ་རིག གསང་བ་སྙིང་པོ། སྡོམ་གསུམ། ཡིད་བཞིན་མཛོད། ཡོན་ཏན་མཛོད་སོགས་མཁས་པའི་ཕུལ་དུ་གྱུར་པ་ཡིན། མི་ཕམ་རིན་པོ་ཆེའི་མདུན་ནས་མཁས་འཇུག་དང་འཇམ་དབྱངས་སྒྲུབ་ཐབས་སོགས་གསན་ཚེ་མ་འོངས་པར་གདན་ས་ཆེན་པོ་ཀཿཐོག་གི་མཁན་པོར་ཕེབས་ན་མཁས་པ་མང་པོ་འབྱུང་བ་དང་སྔ་འགྱུར་བསྟན་ལ་ཕན་པའི་ལུང་བསྟན་དང་བསླབ་སྟོན་རྒྱས་པ་གནང༌། མཁའ་འགྲོ་སྙིང་ཐིག་ཉམས་ལེན་གནང་བས་དགུང་ལོ་ཉེར་བརྒྱད་ལ་རིག་པ་ཚད་ཕེབས་ཀྱི་ཕྱི་ནང་གི་རྟགས་རྣམས་མངོན་དུ་གྱུར། ཀཿཐོག་ཏུ་ཕེབས་ནས་བཤད་གྲྭའི་མཁན་པོ་ལོ་བཅུ་གསུམ་ཙམ་མཛད། རབ་བྱུང་དང་བསྙེན་རྫོགས་སྒྲུབ་པ་ཁོ་ནའང་སྟོང་ཕྲག་གསུམ་དང་བཞི་བརྒྱ་ཙམ་བྱུང༌། རང་ཡུལ་དུ་དགོན་པ་གསར་འདེབས་མཛད། དཔལ་ཡུལ་དང༌། ཟླ་གྲ་ལག་དགོན་རྣམས་སུ་ཕེབས་ནས་བཤད་གྲྭ་རེ་གསར་འཛུགས་མཛད། དགོངས་གཏེར་འོད་གསལ་སྙིང་ཐིག་སྐོར་འཇམ་དཔལ་དང་གྲོ་ལོད། ཕུར་པ། དག་སྣང་སྒྲོལ་མ་ལྷ་མང༌། འཇིགས་པ་བརྒྱད་སྐྱོབ། ཡིད་བཞིན་འཁོར་ལོ་སོགས་པོད་གཅིག་དང༌། གཞན་ཡང་སྔོན་འགྲོ་ཀུན་བཟང་ཞལ་ལུང་ཟིན་བྲིས། དབུ་མ་བཞི་པ་དང་འཇུག་པའི་འགྲེལ་པ། སྡོམ་གསུམ་གནད་བསྡུས། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཅུ་པ་མི་གཡོ་བའི་སྒྲུབ་ཐབས་ཁྱེར་བདེ། དུས་འཁོར་དང་གསང་འདུས་རིམ་ལྔའི་བཤད་ཟིན། སྒྱུ་འཕྲུལ་ཞི་ཁྲོ་དང༌། ཚོགས་ཆེན་འདུས་པའི་བསྙེན་ཡིག རྫོགས་ཆེན་སྙིང་ཐིག་མ་བུའི་ལྡེ་མིག་གནད་བསྡུས་ཀུན་བཟང་ཐུགས་ཊིའཀ བླ་མ་ཡང་ཏིག་གཉིས་ཀའི་ཡང་ཡིག་གི་འགྲེལ་བཤད། ཁྲེགས་ཐོད་སྙན་བརྒྱུད་ཀྱི་ཡི་གེ། ཀློང་སྙིང་རྩ་རླུང་འཁྲུལ་འཁོར་རྫོགས་རིམ། གཏུམ་མོ་ཐབས་ལམ་བཅས་མན་ངག་གི་ཡི་གེ་བཀའ་རྒྱ་མའི་སྐོར་དང༌། ཞལ་གདམས་གསུང་འཐོར་ཐོར་བུའི་སྐོར་སོགས་གསུང་རྩོམ་པོད་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་བཞུགས་པ་དང༌། མདོ་འགྲེལ་མུན་པའི་གོ་ཆའི་བཤད་བཀའ་ཆད་པ་སླར་གསོས་ཤིང་གནུབས་ཆེན་བླ་སྒྲུབ་དང་ཨ་ནུ་གོ་ཡའི་ངང་སྒོམ་ལྗགས་རྩོམ་གནང༌། ལམ་རྣམ་བཀོད་བཤད་རྒྱུན་སླར་གསོ་དང་གོང་སྨོས་སྨྲོས་ཨ་ནུའི་གྲུབ་མཐའ་བསླང་ངེས་ཀྱི་མན་ངག་གི་ཡིག་ཆ་རྣམས་མཛད་ཅིང༌། དེ་ནས་མཛད་པ་ཐ་མ་བསྟན་དུ་ཉེ་བ་ན་ཀཿཐོག་ཏུ་ཕེབས། སྤྲུལ་སྐུ་སྐུ་ན་ཕྲ་མོ་རྣམས་ལ་བདུད་ཀློང་དང༌། སྙིང་ཐིག་གོང་འོག་གི་དབང་ལུང་སོགས་འགྲོ་གང་ཆེ་གནང་ནས་རང་གནས་ལྗོན་པ་ལུང་དུ་ཕྱིར་ཕེབས་ནས་ཕྱི་ལོ་ ༡༩༣༨ དགུང་གྲངས་རེ་གསུམ་པའི་སྣྲོན་ཟླའི་ཚེས་བཅུ་བདུན་ལ་སྤྲུལ་གཞི་བི་མའི་ཐུགས་ཀློང་དུ་ཐིམ་མོ། །

{{#arraymap:མཁན་ཆེན་ངག་གི་དབང་པོ་

|; |@@@ | | }}