50694

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་གསང་བྱིན་རླབས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། མཁའ་གསང་བྱིན་གྱིས་བརླབ་པའི་ཚུལ་ནི། རྩ་རྒྱུད་ལེའུ་བདུན་པ་ལས། ཡི་གེ་ཧཱུཾ་དང་ཨོཾ་དག་དང་། །ཨཱཿ་དང་ཕཊ་ཀྱང་རབ་བརྟག་བྱ། །འོད་ཟེར་སྣ་ལྔས་ཁྱབ་པ་ཡི། །པདྨོ་རྡོ་རྗེ་བསྒོམ་པར་བྱ། །འབར་བཅས་ཟླ་འོད་བཞིན་དུ་དཀར། །ཡིད་དུ་འོང་བ་བསྒོོམ་པར་བྱ། །ཞེས་གསུངས། བྱིན་གྱིས་བརླབ་པའི་ཚུལ་ནི། རང་གི་གསང་གནས་མི་དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་དབུས་མའི་ནོར་བུ་ལ་ཨོཾ་ཡིག་གིས་མཚན་ཞིང་བུ་ག་ཡི་གེ་ཕཊ་སེར་པོས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པའི་ངང་ལས་ཨ་ལས་བྱུང་བའི་པདྨ་དམར་པོ་འདམ་མ་བརྒྱད་པ་ཟེ་འབྲུ་ལ་ཨ་ཡིག་གིས་མཚན་ཞིང་བུ་ག་ཡི་གེ་ཕཊ་སེར་པོས་བཀག་པ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་རྣམ་པ་ལྔས་གང་བར་སྒོམ་པར་བྱེད་པ་ཡིན་ནོ། །དེ་ཡང་ཨོཾ་ཡིག་གིས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན། ཨཱཿ་ཡིག་གིས་སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན། རྡོ་རྗེ་ལ་རྭ་ལྔ་ཡོད་པས་ཡབ་ཀྱི་ནོར་བུའི་དབུས་ཀྱི་རྩ་འདབ་བཞི་ངྷཱུ་ཏི་དང་ལྔ་པོ་དེ་མཚོན། པདྨ་འདབ་བརྒྱད་ཀྱིས་ཡུམ་གྱི་ཆོས་འབྱུང་གི་དབུས་ཀྱི་རྩ་འདབ་བརྒྱད་པོ་དེ་མཚོན། ཕཊ་ཡིག་གིས་ཐུར་སེལ་མཚོན། དེའི་ཁ་དོག་སེར་པོ་བྱེད་པས་ཐུར་སེལ་རང་དབང་བའི་ཁ་དོག་སེར་པོ་ཡིན་པ་དེ་མཚོན། རྡོ་རྗེ་དང་པདྨའི་ནས་འོད་ཟེར་རྣམ་པ་ལྔས་གང་བར་བསྒོམ་པ་ནི། རྫོགས་རིམ་གྱི་སྐབས་སུ་རླུང་རྣམས་ཐིིག་ལེའི་གཟུགས་སུ་ཞུ་བ་དེ་མཚོན། དེ་ནས་རང་ཉིད་རིན་འབྱུང་གི་ང་རྒྱལ་གྱིས་ལུས་ཀྱི་ཕྱག་རྒྱ་ལ་འཁྱུད་པ་དང་། སོ་དང་སེན་མོ་འདེབས་པ་ལ་སོགས་པའི་རྗེས་ཆགས་ཀྱི་བྱ་བ་རྣམས་བྱས་ནས་སྙོམས་པར་འཇུག་པའི་བར་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་སྔགས་ངག་ཏུ་བརྗོད་ཅིང་སྔགས་དོན་ཡིད་ལ་དྲན་པར་བྱེད་པ་ནི་རྗེས་ཆགས་ཀྱི་དེ་ཉིད་ཡིན་ནོ། །སྔགས་ཀྱི་དོན་ལ་ཨོཾ་གྱི་དོན་བཤད་ཟིན། ཨ་ནུ་རཱ་ག་ནི་རྗེས་སུ་ཆགས་པ། གཞན་རྣམས་སྔར་དང་འདྲ་བ་ལ། མདོར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་དེ་ངའོ་སྙམ་དུ་སྒོམ་པར་བྱེད་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:མཁའ་གསང་བྱིན་རླབས་

|; |@@@ | | }}