50895

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་མོན་རྫོང་རས་ཆེན་ (1)
Part of speech མིང་ཚིག
Definition གཙང་རོང་གི་ཤར་ར་གྲུ་ཁའི་རྒྱབ། གོང་ར་དགོན་པ་བྱ་བར། ཡབ་དགེ་སློང་གཞོན་ནུ་མགོན་པོ་དང་། ཡུམ་བཙུན་མ་ཀུན་དགའ་འཛོམ་ཞེས་པ་གཉིས་ཀྱི་སྲས་སུ། རབ་བྱུང་བདུན་པའི་ས་ཁྱི་ ༡༤༡༨ ལོར་སྐུ་འཁྲུངས། སེ་བན་སྟོན་ཆུང་གི་སྐྱེ་བར་གྲགས། མིང་བཀྲ་ཤིས་སྐྱབས་སུ་བཏགས། དགུང་ལོ་བརྒྱད་ལ་སྒྲོལ་མ་སྡིངས་སུ་སྐྱེས་མཆོག་འབའ་ར་བའི་དངོས་སློབ། ཐུགས་སྲས་ནམ་མཁའ་སེང་གེ་དང་མཇལ་བས། ཆོས་རྗེས་བསྟན་འཛིན་གྱི་སྐྱེས་ཆེན་ཞིག་ཡོང་བར་ལུང་བསྟན། རྗེ་ནམ་མཁའ་དཔལ་བཟང་ལ་རབ་ཏུ་བྱུང་། མཚན་ཟླ་བ་རྒྱལ་མཚན་གསོལ། དེ་ནས་ཡུམ་གྱིས་ཀློག་སློབ་ཏུ་བཅུག་པས། མཚན་མོ་རྨི་ལམ་དུ་ཨ་ཁུ་ཡིན་ཟེར་བའི་མི་སེར་པོ་ཞིག་གིས་ཀློག་བསླབས་པས། ཉིན་མོ་བས་ཀྱང་མཚན་མོ་སྐྱེད་ཆེ་བར་བྱུང་། ཀློག་ཡིག་ཚེགས་མེད་དུ་མཁྱེན། དེ་ནས་གནས་རྙིང་དུ་བྱོན་ཏེ། ཡབ་ཡུམ་ཤིན་ཏུ་དབུལ་བས་མི་གཡོག་མཛད་ཅིང་། གནས་རྙིང་ན་འཆད་ཉན་ཡོད་ཚད་གསན་པས། སྤྲང་ཕུག བཙུན་ཆུང་འདི། ཟས་མི་གཉེར་བར་ཆོས་གཉེར་བ་འདུག་གླེང་བས། བླ་མ་ཐམས་ཅད་ཀྱིས་ཐུགས་རྩིས་ཆེན་པོ་མཛད། རྩ་བའི་བླ་མ་བྱང་སེམས་ཀུན་དགའ་ཆོས་རྒྱལ་ལ། འབའ་རའི་ཐར་གྲུ་སྐོར་གསུམ། ཡང་དགོན་པའི་རི་ཆོས་སྐོར་གསུམ། ནི་གུའི་ཆོས་དྲུག ཤངས་པའི་གསེར་ཆོས་རྣམ་ལྔ་སོགས་གསན། སྤྱིར་ཆོས་གསན་པའི་བླ་མ་བདུན་ཅུ་དོན་གསུམ་ཡོད། སྒྲུབ་པ་མཛད་པའི་ཐོག་མར་ཇོ་མོ་ཁ་རག་ཏུ། ནས་ཁལ་གཉིས་དང་གཡའ་ཚན་ལ་བརྟེན་ནས ཟླ་བ་དགུའི་བར་དུ་གཏུམ་མོ་དང་ཕྱག་རྒྱ་ཆེན་པོ་ཁོ་ན་བསྒོམས་པས། ཤིག་ནད་ཀྱི་འཆི་ལ་ཁད་པ་ཞིག་བྱུང་ཡང་དགེ་སྦྱོར་འཕེལ་བར་བྱུང་། གནས་ཆེན་དབེན་པར་སྒོམ་པ་འདི་བོགས་ཆེ་བར་འདུག་གསུང། གཞན་ཡང་རོང་དཀར་པོ་ཆོས་ལུང་དང་། སེར་པོ་དཔེ་ལུང། ཇོ་མོ་གངས། ཤངས་ཀྱི་ཕྲ་མོ་བྲག མོན་རྫོང་སོགས་དབེན་གནས་མང་པོར་སྒོམ་སྒྲུབ་མཛད་ཅིང། ཕལ་ཆེར་ཅོང་ཞིའི་བཅུད་ལེན་དང་རྟག་ངུའི་རིལ་བུ་ཙམ་ལ་བརྟེན་ནས་བཞུགས། དབུ་སྔས་ལ་རྡོ་ལེབ་ཅིག་ཡོད་པ་དེ་ལ། ཕྱག་གཉིས་ཀྱི་རྗེས་ཤིན་ཏུ་གསལ་བ་བྱུང། ཤངས་ཆུ་ལ་བྱ་ལྟར་ལྡིང་བ་སོགས། གྲུབ་རྟགས་བསྟན་པས། སྙན་པས་ཕྱོགས་ཀུན་ཁྱབ། མི་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་འདུ་འཛིའི་གཡེང་བ་སྤངས་ནས་གནས་དེ་ཉིད་དུ སྒྲུབ་པ་ཁོ་ན་ལ་གཙོ་བོར་མཛད་པས། མཚན་ཡང་མོན་རྫོང་རས་པ་ཞེས་གྲགས་སོ། །དགུང་ལོ་གྱ་དགུ་པ་མེ་སྟག་ ༡༥༠༦ ལོའི་སྟོན་ཟླ་འབྲིང་པོའི་ཚེས་བཅུ་ལ། དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གྱུར་ཏོ། །ཞག་ཉེར་བཞིའི་བར་དུ་ཐུགས་དམ་བཞུགས་ཤིང། སྐུ་ཆེ་ཆུང་དུ་གྱུར་པ་ལ་སོགས་པ་ངོ་མཚར་བ་མང་པོ་བྱུང་། ལྷ་སྐུ་ཡིག་འབྲུ་རིང་བསྲེལ་དུ་མ་བྱོན། སློབ་མ་ནི། འབའ་ར་བ་སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན། མདོ་ཁམས་པ་གྲུབ་ཐོབ་དཀོན་མཆོག་རྒྱལ་མཚན། ཆོས་རྗེ་དཀོན་མཆོག་དཔལ་བ་སོགས་དང་། གཞན་ཡང་རྣལ་འབྱོར་མ་ཀུན་ཏུ་བཟང་མོ་སོགས་ཕྱིར་མི་ལྡོག་པའི་ཉ་མ་ཡང་མང་དུ་བྱུང་ངོ་། །

{{#arraymap:མཁས་གྲུབ་མོན་རྫོང་རས་ཆེན་

|; |@@@ | | }}