50903

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་སངས་རྒྱས་ཡེ་ཤེས་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ཤིང་བྱ་ཕྱི་ལོ་ ༡༥༢༥ ལོར་གཙང་རོང་གི་ལྷན་དྲུག་བརྒྱར་ཡབ་བླ་རིན་ཆེན་དང་། ཡུམ་ཆོས་བསྟན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་པར་དགེ་བཤེས་ཡོན་ཏན་བཟང་པོ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་ཆོས་སྐྱབས་རྡོ་རྗེ་ཞེས་གསོལ། ཡི་གེའི་སྦྱོར་ཀློག་དང་སུམ་རྟགས་དག་གསུམ། འདོན་ཆོས་སྤྱོད་བཅས་སྦྱངས། བ་སོ་ལྷུན་གྲུབ་བདེ་ཆེན་དུ་དགེ་བཤེས་ཡོན་ཏན་བཟང་པོ་ལས་དགེ་ཚུལ་བསྒྲུབས། མཚན་ལ་སངས་རྒྱས་ཡེ་ཤེས་ཞེས་བསྩལ། མཁན་པོ་དེ་ཉིད་ལས་རྡོ་རྗེ་འཇིགས་བྱེད་དང་། གསང་བ་འདུས་པ། མི་བསྐྱོད་པའི་དབང་བཞི་ཡོངས་རྫོགས་དང་། བཀའ་གདམས་གླེགས་བམ་གྱི་ལུང་སོགས་དམ་ཆོས་མང་དུ་ཞུས། བཅོ་ལྔ་པར་བཀྲ་ཤིས་ལྷུན་པོར་བརྩོན་འགྲུས་རྒྱལ་མཚན་ལས་ཆོས་སྐོར་མང་དུ་གསན། རྟ་ནག་པ་དགེ་འདུན་བློ་བཟང་ལས་གཞུང་ཆེན་ལྔར་དཔྱིས་ཕྱིན་པ་སྦྱངས། ཉེར་ལྔ་པར་ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་དུ་དཀའ་བཞི་པའི་གྲྭ་སྐོར་མཛད། ཉེར་དྲུག་པར་བཀྲ་ཤིས་ལྷུན་པོའི་ཆོས་ཁྲིམས་བཟུང་། སྐབས་ཤིག་ལ་གངས་ཅན་ཆོས་འཕེལ་དུ་པཎ་ཆེན་དོན་ཡོད་རྒྱལ་མཚན་ལས་དོན་བདུན་མའི་ཉམས་ཁྲིད་སོགས་ཆོས་མང་དུ་ཞུས། དབུས་ཀྱི་རྒྱུད་སྨད་གྲྭ་ཚང་དུ་ཞུགས། གསང་སྔགས་གཞུང་དང་ཆོ་ག་ཕྱག་ལེན་བཅས་པར་སྦྱངས། དབེན་དགོན་དུ་ཕེབས། དབེན་ས་བློ་བཟང་དོན་གྲུབ་ལས་དགེ་ལྡན་སྙན་བརྒྱུད་གཙོ་བོར་མཛད་པའི་ལམ་རིམ་བཅས་མནོས། སྒྲུབ་པ་ཉམས་ལེན་ཡུན་རིང་མཛད། རྟོགས་པ་ལ་མངའ་བརྙེས། གྲུབ་པའི་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་ལས་བསྙེན་པར་རྫོགས། སྣར་ཐང་བརྒྱ་རྩ་དང་། བཀའ་གདམས་ལྷ་བཞི། ཀུན་རིག་གི་དབང་ལུང་མན་ངག་མང་དུ་ཞུས། རི་བོ་དགེ་འཕེལ་གྱི་གདན་སའི་ཁྲིར་བཞུགས། མདོ་སྔགས་ཀྱི་འཆད་ཉན་མཛད། ང་བརྒྱད་པར་དབེན་དགོན་གྱི་གདན་ས་རེ་དྲུག་པ་རབ་བྱུང་བཅུ་པའི་ལྕགས་སྟག་ཕྱི་ལོ་ ༡༥༩༠ ལོར་རོང་བྱམས་ཆེན་དུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། གནས་རྙིང་འཇམ་དབྱངས། ཇོ་གདན་ནོར་བཟང་རྒྱ་མཚོ། ཤར་རྩེ་ཤཱཀྱ་མཆོག་གྲུབ། བསམ་བློ་ཤེས་རབ་རྒྱལ་མཚན། དཀའ་བཅུ་བློ་བཟང་དཔལ་མགོན། མཁན་པོ་སངས་རྒྱས་ཚུལ་ཁྲིམས། ཆུ་དབར་རིན་ཆེན་དོན་ཡོད་རྒྱ་མཚོ། དབུས་པ་དགེ་ལེགས། ཀོང་སྟོན་འཇམ་དབྱངས་རྒྱལ་པོ། ཞལ་སྔ་འཇམ་དཔལ་རྡོ་རྗེ། གུང་རུ་ཤེས་རབ་བཀྲ་ཤིས། ཆོས་རྗེ་ཆོས་དོན་བཅས་ཡིན། གསུང་རྩོམ་ནི་བླ་མའི་རྣལ་འབྱོར་དང་། ལམ་རིམ་དམིགས་སྐོར། ལམ་རིམ་ཁྲིད་ཡིག ལྟ་སྒོམ་སྐྱོད་པའི་སྙིང་པོ། ཞལ་གདམས་བཅུ་གཅིག། དབུ་མའི་ཟིན་བྲིས། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་ཚུལ། གཏུམ་པོ་ཁྱུང་ལྔའི་རྗེས་གནང་། སྨྱུང་གནས་ཆོ་ག་དངོས་གྲུབ་ཀུན་འབྱུང། འཇམ་དབྱངས་ཀྱི་སྒྲུབ་ཐབས་བཅས་ཆོས་ཚན་སོ་བརྒྱད་བཞུགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཞེ་གསུམ་པ་ཡིན།

{{#arraymap:མཁས་གྲུབ་སངས་རྒྱས་ཡེ་ཤེས་

|; |@@@ | | }}