50908

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་དབང་སངས་རྒྱས་རྡོ་རྗེ་ (1)
Part of speech མིང་ཚིག
Definition ལ་སྟོད་མང་དཀར་ཞེས་པར། ཡབ་ནང་སོ་མགོན་ཆེན་ལགས་དང༌། ཡུམ་ཆོས་ལགས་བསོད་ནམས་ཆོས་དབྱིངས་ཀྱི་སྲས་སུ། རབ་བྱུང་བཅུ་པའི་ས་སྦྲུལ་ ༡༥༦༩ ལོར་བལྟམས། འབྲི་ཀློག་ཐོགས་མེད་དུ་མཁྱེན། ངོར་དུ་ཅུང་ཟད་བཞུགས། བཅུ་གཉིས་པར་རྒྱལ་བྱེད་སྔགས་གྲྭའི་མཁན་སྤྲུལ་པད་དཀར་དབང་པོ་ལ་གཙུག་ཕུད་ཕུལ། མཚན་སངས་རྒྱས་རྡོ་རྗེར་བཏགས། ཀུན་མཁྱེན་ཆེན་པོའི་ཞབས་པད་བསྙེན་ཅིང༌། དགེ་བསྙེན་ནས་དགེ་ཚུལ། ཐུན་མོང་གི་རིག་གནས། རྒྱུད་འགྲེལ་མན་ངག་སོགས་ལེགས་པར་གསན་པས། ཟླ་མེད་པའི་མཁས་པར་གྱུར། པཎ་ཆེན་ལྷ་དབང་བློ་གྲོས། སེམས་དཔའ་རིན་ཆེན་དཔལ་བཟང༌། ཆོས་རྗེ་མི་ཕམ་བློ་གྲོས། ལོ་ཆེན་སངས་རྒྱས་དཔལ་བཟང༌། རིན་སྤུངས་ཞབས་དྲུང་ཟླ་བ་བཟང་པོ་སོགས། མཁས་གྲུབ་མང་པོར་བསྟེན་ཏེ། གཞུང་ལུགས་སྨྲ་བའི་མངའ་བདག་དང་གདམས་པའི་མཛོད་ཆེན་པོར་གྱུར། ཉེར་དྲུག་ལ། ལྷ་རྩེ་བའི་མདུན་ནས། ཆོས་བཀའ་མཐའ་ཡས་པ་གསན། ཙ་རི་ཏྲར་དབྱངས་ཅན་མས་དངོས་སུ་བྱིན་གྱིས་བརླབས་པས། འཆད་རྩོད་རྩོམ་པ་ལ་ཐོགས་པ་མེད་པར་གྱུར། སོ་གསུམ་པར། ལྷ་རྩེ་བའི་མདུན་ནས་བསྙེན་པར་རྫོགས། མཚན་ངག་དབང་སངས་རྒྱས་རྡོ་རྗེར་གསོལ། གཙང་ལྷུན་པོ་རྩེ་ནས། མི་དབང་དོན་གྲུབ་རྡོ་རྗེས་སྤྱན་དྲངས་ནས། ལྷུན་རྩེ་བདུད་འདུལ་གྲྭ་ཚང་གི་སློབ་དཔོན་དུ་བསྐོས། སློབ་གཉེར་དང་སྒྲིགས་སོགས་དཔེར་འོས་པ་བྱུང༌། དེར་ཕྲག་དོག་ཅན་རྣམས་ཀྱི་ངན་སེམས་ལ་ཐུགས་སུན་ཆེ་ནས། སླར་པཎ་གྲུབ་རྣམ་པ་གཉིས་དང༌། གཙང་སྡེ་སྲིད་མཆོད་ཡོན་ཟུང་གིས། ཁྲོ་ཕུ་དགའ་ལྡན་བྱམས་པ་གླིང་གི་གདན་སར། བསྐོ་འཇའ་གཟེངས་སུ་བསྟོད། བྱམས་ཆེན་གཙུག་ལག་ཁང་རྟེན་བརྟེན་པར་བཅས་ལ། སྲི་ཞུ་བསྒྲུབས་ཤིང༌ལོ་བརྒྱད་ལ་འཆད་ཉན་གནང་བས། མཁས་པ་མང་པོ་ཐོན། རྗེ་ཐམས་ཅད་མཁྱེན་པའི་སྐུ་མཆོད་ཆེན་མོར་བསྟུན་ཏེ། ཀུན་མཁྱེན་གྱི་བཀའ་འབུམ་དུ་བཞུགས་པའི་དཀྱིལ་ཆོག་ཉེར་གཅིག་གི་སྒྲུབ་མཆོད་རྡུལ་ཚོན་ལ་བརྟེན་ཏེ། ས་ཆོག་སྟ་གོན་དངོས་གཞི་ཉི་མ་བཅུ། ཁ་སྐོང་ཞི་རྒྱས་ཀྱི་སྦྱིན་སྲེག མཐའ་རྟེན་གཏོར་ཟློག་བཅས་གསར་དུ་བཙུགས། ལྔ་བཅུ་པ་ལ་ཤྲཱི་པརྤ་ཏའི་བསམ་གཏན་གླིང་དུ་ཕེབས་ཤིང༌། ཤྲཱི་བསམ་གཏན་ཡང་རྩེ། བསམ་གླིང་ལྕགས་རིའི་ལྷ་ཁང༌། ཟུར་ཕུག་དཔལ་གྱི་སྒྲུབ་གླིང༌། ཤྲཱི་ན་ཁྲར་ཐེག་ཆེན་རྩེ། བཀྲ་ཤིས་དཔལ་གྱི་སྟེང་འགྲོ། ལྷ་སྡིངས་དཔལ་གྱི་དགོན་པ། གཉའ་ནང་བདེ་ཆེན་སྟེང་སོགས་ཀྱི་རྟེན་དང་བརྟེན་པ་བཅས་གསར་བསྐྲུན་དང༌། གཞན་ཡང་གཽ་ད་ཝ་རི། ནེ་པ་ལའི་ལྗོངས། ལ་ཕྱི་ཆུ་དབར་རྫོང་དྲུག་སོགས་སུ་གནས་འབྲེལ་མཛད། ལྷ་སྨན་མཆེད་ལྔས་མི་ཡི་བུ་མོར་བརྫུས་ནས་སྲི་ཞུས་བསྙེན། ལེགས་བཤད་ཀྱི་ཚོགས་པུསྟི་ཀ་བརྒྱད་ཙམ་མཛད། བདེ་ཆེན་སྟེང་དུ། དགུང་ལོ་བདུན་ཅུ་རྩ་བདུན་པ་ཤིང་བྱ་ ༡༦༤༥ ལོའི་ནག་ཟླའི་ཚེས་ལྔའི་ནམ་ལང་ཙམ་ལ། སྙུང་ཚུལ་མེད་པར། དབུ་གཙུག་གི་རུས་པ་སོར་གཉིས་ཙམ་ཞིག་ཆོས་འབྱུང་དབྱིབས་སུ་སྒྲ་འོད་བཅས་འཕར་ཏེ། མངོན་དགའ་ཞིང་དུ་གཤེགས་སོ། །སློབ་མ། དུས་ཞབས་པ་དཔལ་རྒྱས་དབང་པོ་དང༌། བོད་མཁས་གཉིས་གཙོ་བོ་ཡིན་ལ། ཞབས་དྲུང་མཇལ་ཕུ་བ་ཆོས་གྲགས་རྣམ་རྒྱལ་དང༌། ཆོས་རྗེ་ནོར་བུ་རྒྱལ་མཚན་སོགས། ཁྲོ་ཕུའི་གདན་ས་རིམ་བྱོན་བཅས། ཞལ་སློབ་མཁས་གྲུབ་ཤིན་ཏུ་མང་ངོ༌། །

{{#arraymap:མཁས་དབང་སངས་རྒྱས་རྡོ་རྗེ་

|; |@@@ | | }}