52519

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་མེད་དྭགས་པོ་རིན་པོ་ཆེ་ (1)
Part of speech མིང་ཚིག
Definition མཉམ་མེད་དྭགས་པོ་བསོད་ནམས་རིན་ཆེན་མཆོག་ནི། ཡབ་སྙི་བ་རྒྱལ་པོ། ཡུམ་དལ་བཟའ་གཉིས་ཀྱི་སྲས་སུ། རབ་བྱུང་དང་པོའི་ས་ལུག་ ༡༠༧༩ ལོར་སྐུ་བལྟམས། མཚན་ཞང་དར་མ་གྲགས། ཁྱིམ་དུ་བཞུགས་ཚེ་སྨན་གྱི་སློབ་དཔོན་སུམ་ཅུ་ཙམ་བསྟེན། སྨན་གྱིས་འགྲོ་དོན་མཛད་པས། དྭགས་པོ་ལྷ་རྗེ་ཞེས་གྲགས། སློབ་མའང་ཞང་ནག་དང་གྲུམ་པ། ལྷ་རྗེ་སོགས་མང་དུ་ཐོན་པ། དེ་དུས་ནའང་དགེ་བཤེས་ཤ་ར་བ་སོགས་བསྟེན། ཁྱིམ་ཁབ་ཏུ་བཞེས་པས། སྲས་ལྕམ་སྲིང་གཉིས་དང་ཡུམ་བཅས་གསུམ་ཀ་དུས་གཅིག་ལ་མི་རྟག་པའི་ཚུལ་བསྟན་པས། སོ་གཉིས་པར་ཁྱིམ་སྤངས་ནས་དྭགས་པོར་བྱོན། མང་ཡུལ་བ་བློ་ལྡན་ཤེས་རབ་ལ་རབ་ཏུ་བྱུང་ཞིང་ཆིག་རྫོགས་མཛད། སྟོན་པའི་བཅས་ཁྲིམས་ལ་བཙུན་པའི་དཔེར་འདྲེན། དགེ་བཤེས་རྒྱ་ཡོན་བདག་ལོ་གསུམ་བསྟེན། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མ་ནོར་བ་ཐུགས་སུ་ཆུད། ལ་སྟོད་དུ་རྗེ་མི་ལའི་དྲུང་དུ་བྱོན། ཆང་ཐོད་ཕོར་གང་གནང་བ་བཏུང་བས་རྟེན་འབྲེལ་འགྲིག དཔལ་འཁོར་ལོ་སྡོམ་པའི་དབང་བསྐུར། རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་བྱིན་གྱིས་བརླབས། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཁྲིད་དུ་བསྟན། རྩ་རླུང་གི་དྲོད་རྟགས་ཤར། ལྕམ་ལྷན་ཅིག་སྐྱེས་པའི་སྒྲོན་མ་དཔེ་གཉེར་མཛད་པས། ཆོས་འདི་དང་འདི་ཞུས་ཞེས་ཁུངས་བསྟན་པས། རྗེ་བཙུན་གྱིས་དབང་ལུང་མན་ངག་བུམ་པ་གང་བྱོར་ལོན་གསུང་། སླར་དབུས་སུ་ཕེབས་ནས་སྔར་གྱི་སར་ལོ་དྲུག་བཞུགས། བཀའ་གདམས་པ་རྣམས་ཀྱི་ལོག་རྟོག་བསལ་ཕྱིར། བྷོ་དྷི་ཙིཏྟའི་ཕྱག་འཕྲེང་སྐམ་པོ་ལྕང་མའི་སྡོང་པོར་ཕྱག་གིས་བསྡམས་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་ང་ལུང་བསྟན་ན། འདི་ལས་འདི་སྐྱེ་བར་གྱུར་ཅིག ། ཅེས་གསུངས་པའི་མོད་ལ། ཡལ་སྡོང་ལོ་འདབ་བཅས་སྔོ་ཁྲུང་ངེ་སྐྱེས་པ་དེ་མཐོང་བས། བཀའ་གདམས་པ་ཀུན་ཀྱང་དད་དད་གུས་གུས་སུ་སོང་། དབུས་གཙང་ཁམས་གསུམ་གྱི་སྣོད་ལྡན་ཐམས་ཅད། དུས་གཅིག་འདུས་པ་ལྟར་གྱུར་པ་རྣམས་ལ། ཆོས་དྲུག་དང་ཕྱག་ཆེན། ལམ་རིམ་སོགས་གང་འཚམས་སུ་གདམས་ངག་བཏབ། མདོར་ན་གང་འདུལ་གྱི་མཛད་འཕྲུལ་ཅི་ཡང་མངའ་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་ལ་འཁོད་པར་གྱུར་ཏོ། །དེ་ནས་ཅུང་ཟད་སྙུང་བའི་ཚུལ་བསྟན་པ་ན། ད་ཁྱེད་རང་ཚོས་ནམ་ཡང་ཁོ་བོ་མ་བརྗེད་པར་བློ་འགེལ་ནུས་པ་གྱིས་དང་། འཁོར་བར་མི་ལྟུང་བ་དང་སྡུག་བསྔལ་ལས་སྐྱོབ་པ་ང་རང་ཤེས་པས། ད་ལྟ་དང་མ་འོངས་པའི་རྗེས་འཇུག་རྣམས་ཀྱིས། ཡིད་ལ་དེ་ལྟར་ཞོག་ཅེས་གདམས་ནས། དོན་ལྔ་པ་ཆུ་མོ་བྱ་ ༡༡༥༣ ལོའི་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདས་པ་ན། འཇའ་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་བོ། །སློབ་མ་བསམ་གྱིས་མི་ཁྱབ་པ་ལས། མཆོག་གྱུར་དངོས་ཀྱི་གདན་ས་སྒོམ་ཚུལ། སྲས་ཀྱི་ཐུ་བོ་ཁམས་པ་མི་གསུམ། འབའ་རོམ་པ་ལ་སོགས་སྒམ་པོའི་གྲུབ་ཐོབ་བཅོ་བརྒྱད་དུ་གྲགས་པ་རྣམས་སོ། །དྭགས་པོའི་བཀའ་བརྒྱུད་ཅེས་བྱ་བའི་རིང་སྲོལ་ཡང་འདི་ནས་དར་རྒྱས་སུ་གྱུར་པའོ། །

{{#arraymap:མཉམ་མེད་དྭགས་པོ་རིན་པོ་ཆེ་

|; |@@@ | | }}