53449

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་ཁམས་པ་རིན་ཆེན་སེང་གེའམ་རྡོ་གསོལ་བ་ (1)
Part of speech མིང་ཚིག
Definition ཁམས་ངམ་ཤོད་ཀློང་མོ་ཆེར། ཡབ་མེ་ཉག་སྤྱོད་པ་བྱ་བ་དང་། ཡུམ་ལྷ་མོ་འོད་ཟེར་ལྕམ་བྱ་བ་ལ། རབ་བྱུང་གསུམ་པའི་མེ་ལུག་ ༡༡༨༧ ལོར་བལྟམས། སྐུ་གཟུགས་བཟང་ཞིང། དབང་པོ་གསལ། ཐུགས་གཤིས་ཅུང་ཐུང་། ཡབ་ཀྱིས་དགུང་ལོ་བཅུ་གཉིས་ལོན་དུས། རྙིང་མའི་ཇོ་མོ་ཞིག་རྩར་བསྐྱལ། དེར་ལོ་གསུམ་རིང་ཡི་གེ་དང་། བཅུ་དྲུག་སྐབས་ཡབ་ཀྱིས་ཆུང་མ་གསར་དུ་བླངས་ནས། ལོ་གཅིག་མཉམ་དུ་བསྡད། བཅུ་བདུན་ལ་ཆོས་རྗེ་གཙང་པའི་དྲུང་དུ་རབ་ཏུ་བྱུང་། སྒོམ་པ་གཏེར་ཁུང་བའི་ཕྱག་ཕྱིར། བཙུན་ཆུང་ཉེར་ལྔ་བཏང་བའི་ནང་དུ་བཞུགས། བླ་མའི་སྤྱན་སྔར་ཕྱིན། ཐུབ་པ་ལྔའི་ཁྲིད་ཚང་བར་ཞུས། རི་ཁྲོད་དེར་ཟླ་བ་དྲུག་བསྒོམས་པས་སྣང་སེམས་གཉིས་མེད་དུ་ཤར། དེ་ནས་འབྲུག་ཏུ་བྱོན་ནས། བླ་མའི་དྲུང་དུ་རྟོགས་པ་ཕུལ་བས། ཆོས་པ་བྱ་བ་རི་ལ་སྒོམ་ནས། ཡོན་ཏན་སྐྱེད་དགོས་པ་ཡིན། གོ་བཅད་འདུག་གསུངས་ནས། གདམས་ངག་གི་ལྷག་མ་རྣམས་གནང་། ཉེར་ལྔ་ལ་མགྲོན་པོ་དང་འགྲོགས་ནས་ཚ་བ་སྒང་དུ་བྱོན། དེར་རྡོའི་བཅུད་ལེན་ཟླ་བ་དགུ་མཛད་པས། མཚན་ཡང་རྡོ་གསོལ་བར་ཐོག ། དཔོན་ཆེན་ཆབ་མདོ་བས། ཆབ་མདོར་གདན་དྲངས་ནས། ཡོན་བདག་ཏུ་ཁས་བླངས་ཤིང་། རུག་གྱམ་དུ་དགོན་གནས་ཕུལ་བ་ལ་ལོ་གཉིས་བཞུགས། པད་རུས་གདན་དྲངས་ནས་དངུལ་ཁ་དང་དགོན་པ་ཕུལ། རྫ་ངོམ་གཉིས་ན་ཆོས་འབྲེལ་མ་བྱས་པ་སུ་ཡང་མེད་དོ། དེ་ནས་རག་རྡོར་དགོན་དུ། ལོ་གཉིས་སྐུ་མཚམས་མཛད། སྐྱོ་བསངས་སྐབས་ན། སྐུ་ལུས་བཀོད་པ་གསུམ་མཛད། ཟད་པར་རླུང་གི་སྐྱེ་མཆེད་ལ་མངའ་བརྙེས་པ་ཡིན། དཔོན་འོད་ཟེར་གྱིས། ཞོ་ཏིའི་དགོན་ཕུལ་ནས། དེར་ལོ་མང་དུ་བཞུགས་པའི་ཚེ། གོང་སྟག་གཉིས། ལྡོང་། གྲོ་ལྷོ་ཡིས་ཞབས་ཏོག་བྱས། སྤྱི་དཔོན་སྨོན་པ་གྲགས་ཀྱིས་ལ་ངོམ་གཉིས་སུ་ཡང་ཡང་གདན་དྲངས་ནས་གནས་དགོན་ཕུལ། ཞོ་ཏི་ན་བཞུགས་པའི་དུས་ཆོས་དམར་བར་གནང་། ལྟ་སྒོམ་སྤྱོད་གསུམ་དང་། སྣང་བ་བཀག་མི་དགོས་པའི་མགུར་ཡང་བཞེངས། རོབ་ཏུ་བན་གཙོམ་གྱིས་གནས་ཕུལ། ཤར་བ་ལྷ་སྒྲས་མཚལ་ཀ་ཕུལ། ལྷོ་ནས་འཛིང་བ་ཐར་གྱིས་ཚ་བ་སྒང་དུ་སྤྱན་དྲངས་ཀྱང་མ་བཞུད། །དེ་ནས་སྒོམ་པ་དཀོན་མཆོག་གིས་ཡུམ་དང་སྲས་ལྕམ་གཞིས་དང་བཅས་པ་ཕུལ་ནས་ཁོ་རང་འདས། དེའི་ལུས་ལོངས་སྤྱོད་དང་བཅས་པ་སྔར་ནས་ཞབས་ཏོག་ལ་བསྔོས་པས། དེ་ལ་ཐུགས་ཉེ་བར་བརྩེ་བའི་སྒོ་ནས་བཞེས། དེ་ལ་མ་རྟོགས་པའི་སྐྱེ་བོ་ཕལ་པ་འགའ་ཞིག་ཅུང་མ་དད་པ་ལ། བླ་མའི་ཞལ་ནས། དཔལ་ནཱ་རོ་པས་འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུར་གསུངས་པས། དགག་སྒྲུབ་གང་ཡང་བྲལ་བའི་རྣལ་འབྱོར་པ་ཡིན་གསུངས། ཞེ་གསུམ་པ་ས་གླང་ ༡༢༢༩ ལོར། སྤྲུལ་པའི་གཟུགས་སྐུ་ཡལ། ཟླ་བ་ཕྱི་མའི་ཚེས་བརྒྱད་ཀྱི་ཉིན་པར། གདུང་ཞུགས་ལ་སྦྱངས་པ་ན། ཐུགས་དང་རིང་བསྲེལ། བདེ་མཆོག་གི་སྐུ། རྡོ་རྗེ། འཁོར་ལོ། པདྨ་སོགས་བཀྲ་ཤིས་པའི་རྟགས་མཚན་མང་དུ་བྱོན་ཏོ། །དེ་ལ་སློབ་མ་རྟོགས་ལྡན་གྱི་སྐྱེས་བུ་མང་དུ་བྱོན་པ་ལས། གཙོ་བོར་ཙ་རི་ཏ་པ་ཡིན་ནོ། །

{{#arraymap:མདོ་ཁམས་པ་རིན་ཆེན་སེང་གེའམ་རྡོ་གསོལ་བ་

|; |@@@ | | }}