53598

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་སྲིབ་དགོན་ (1)
Part of speech མིང་ཚིག
Definition མདོ་སྲིབ་དགོན་པ་ནི། དཔལ་ས་སྐྱ་པའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཞིག་སྟེ། སྡེ་དགེ་འབྲི་ཆུའི་ནུབ་ཀྱི་ལ་རྒྱབ་སྨར་ཁམས་ཀེ་རེའི་སྒང་སྟོད་ཀྱི་རི་མདར་མདོ་ཆུ་འབབ་པའི་གཡས་ངོས་སྲིབ་རིའི་སྒང་ལ་ཆགས་པས་མིང་ལ་མདོ་སྲིིབ་དགོན་པ་ཞེས་ཐོགས། དེ་ཡང་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་གོ་འཇོ་ནས་ཚུར་བྱོན་པ་ཡིན་པས་གོ་འཇོ་ཞེས་མཚན་ཟུར་དུ་ཐོགས། ཁོང་གིས་ཁམས་ཕྱོགས་སུ་ཐུབ་པའི་སྐུ་ལི་མ་མང་པོ་གདན་དྲངས་ཏེ་བྱོན་པའི་ཐོག་མར་ཐང་སྐྱ་དགོན་པ་བཏབ། དེ་ནས་སླར་སྐུ་ཁ་ཤས་བསྣམས་ནས་བྱང་ཤར་ཕྱོགས་སུ་ཕེབས་པར། རྟེན་འབྲེལ་འཛོམས་པས་མདོ་སྲིབ་དགོན་པ་འདི་ཉིད་ཕྱག་བཏབ། བླ་མ་ཉིད་མདོ་སྲིབ་རང་དུ་སྐུ་གཤེགས་པས་བླ་མ་དེའི་སྐུ་གདུང་དུ་གྲགས་པའི་ཤིང་གི་མཆོད་རྟེན་རྙིང་པ་ཞིག་ཀྱང་། འདུ་ཁང་རྙིང་པའི་ཕུག་ཏུ་ཡོད་འདུག ད་དུང་ཐང་སྐྱ་དགོན་པ་དང་འདྲ་བར་རྒྱ་གར་གྱི་ཐུབ་པའི་སྐུ་ལི་མ་གསེར་ཅན་མི་ཚད་ཙམ་དང་བྱིས་པ་ལོ་བཅུ་གསུམ་ཙམ་ལ་སོགས་ཁ་ཤས་ཡོད་པ་བཞུགས་པ་ནི་ཕྱག་འདེབས་བླ་མ་གཅིག་ཡིན་པས་ཡིན་ཟེར། ཡང་འགྲོ་མགོན་ཆོས་འཕགས་གནས་དེར་བྱོན་ནས་མགོན་པོ་རབ་གནས་མ་བྱིན་ཅན་གནང་བ་དང་། རི་མདའ་སྡེ་སྤྱིའི་མཆོད་གནས་སྲུང་མ་ཁང་ནི་མདོ་སྲིབ་དགོན་པ་ཡིན་ལ། དེའི་རྟེན་དུ་ཆོས་རྗེ་ཁུ་དབོན་གཉིས་ཀས་རབ་གནས་ཐོབ་པའི་བྱིན་ཅན་ལྡེར་བཟོའི་གུར་མགོན་གྱི་སྐུ་གཉིས་བཞུགས་པའི་ལོ་རྒྱུས་ལས། དགོན་འདི་འགྲོ་མགོན་ཆོས་འཕགས་སམ་ཁོང་དང་འབྲེལ་བའི་བླ་མ་གཅིག་གིས་ཕྱག་བཏབ་པར་ཡང་གྲགས་སོ། ། བསྟན་འཛིན་སྐྱེས་བུ་བྱོན་ཚུལ་ནི། གོ་བླ་ཡེ་ཤེས་དཔལ་ལྡན་དང་། མདོ་སྲིབ་པ་མཁན་པོ་ངག་དབང་དམ་ཆོས་འདིས་མདོ་སྲིབ་དགོན་པར་དབྱར་གནས་དང་། གཙུག་ལག་ཁང་ཆེ་ཆུང་གཉིས་ནང་རྟེན་བཅས་བཞེངས། ལམ་འབྲས་སོགས་ཀྱི་ཆོས་བཤད་ཀྱང་མཛད། མཁན་རིན་པོ་ཆེ་ཐུབ་བསྟན་རྒྱལ་མཚན་གྱིས་བཤད་གྲྭ་བཙུགས། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་བཞིན་རྫོང་སར་གྱི་མཁན་པོ་མཛད་པ་སོགས་སྙན་གྲགས་ཤིན་ཏུ་ཆེ། དེ་རྗེས་སུ་ཁོང་གི་སྐུ་ཚ་མཁན་པོ་ཀུན་དགའ་དབང་ཕྱུག་གིས་ལོ་གསུམ་མཁན་པོ་མཛད། དགོན་པ་འདིར་དེ་སྔ་ལྷ་ཁང་རྙིང་པ། ལམ་འབྲས་ལྷ་ཁང་སོགས་མང་ནའང་། དུས་འགྱུར་སྐབས་རྩ་གཏོར་དུ་སོང་། འོན་ཀྱང་ ༡༩༨༣ ནས་བཟུང་མཁན་པོ་མཁས་སྒྲུབ་གཙོས་བླ་རྒན་དང་སྡེ་པ་ཐུན་མོང་གིས་སྔ་སྲོལ་གྱི་དུས་མཆོད་སྡེའི་ནང་དུ་ཚུགས། དེ་ནས་རིམ་གྱིས་དགོན་པ་གསར་བཞེེངས་དང་། རྟེན་གཙོ་ལ་གསེར་ཟངས་གྱི་ཇོ་བོ། བལ་བཟོའི་སྟོན་པ་གཙོ་འཁོར་སོགས་དང་གུར་མགོན་བྱིན་ཅན་དག་ཀྱང་བཞུགས། ཕྱིས་སུ་བླ་གྲྭ་བརྒྱ་ལྷག་བྱུང་ཡང་ཡུལ་དུས་དབང་གིས་ད་ལྟའི་ཆར་ལྔ་བཅུ་ཙམ་གིས་དུས་མཆོད་དང་། དུང་སྒྲུབ་ཆེན་མོ། གཞི་གསུམ་ཆོ་ག་སོགས་སྔར་སྲོལ་སྐྱོང་བཞིན་ལགས་སོ། །

{{#arraymap:མདོ་སྲིབ་དགོན་

|; |@@@ | | }}