53896

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་ཉིད་ངོ་བོ་ཉིད་མེད་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སེམས་ཙམ་པ། ཆོས་རྣམས་ཀྱི་ཀུན་བརྟགས་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་མིང་དང་བརྡ་ཙམ་གྱིས་བཞག་གི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར། དེ་སྐད་དུ་ཡང། དགོངས་འགྲེལ་ལས། དེ་ལ་ཆོས་རྣམས་ཀྱིས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའོ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡས་རྣམས་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱའོ་ཞེས་གསུངས། དེ་ཡང་སྒྲུབ་ཕྱོགས་ནས་མིང་བརྡ་ཙམ་གྱིས་བཞག་པ་དང། དགག་ཕྱོགས་ནས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་གཉིས་བསྟན་ཏོ། དེའི་དོན་འཆད་པ་ལ། དྲང་ངེས་རྣམ་འབྱེད་ལས། ཀུན་བརྟགས་ལ་མེད་རྒྱུའི་མཚན་ཉིད་ངོ་བོ་ཉིད་ནི་ཞེས་པ་ནས་ཕྱི་མ་ལྟར་འཛིན་པ་ནི་ཡོད་དོ་ཞེས་པའི་བར་བྱུང། འདིའི་དོན་ནི། འདིར་ཀུན་བརྟགས་མིང་བརྡས་བཞག་ཙམ་དུ་གསུངས་པའི་ཀུན་བརྟགས་ནི་ངོ་བོ་དང་ཁྱད་པར་ལ་ཀུན་བརྟགས་པའི་ཀུན་བཏགས་ཡིན་ལ། ཀུན་བརྟགས་ཡིན་ན་མིང་བརྡས་འཇོག་ནུས་པའི་མ་ཁྱབ་ཏེ། འདིའི་ཐད་ཀྱི་རྒྱས་བཤད་དུ། དེ་དག་གི་མང་པོ་ཞིག་མིང་དང་བརྡས་འཇོག་མི་ནུས་པས་ཡོད་པ་ཡིན་ཡང་རང་གི་མཚན་ཉིིད་ཀྱིས་གྲུབ་པ་ནི་མ་ཡིན་ཏེ། རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར། ཞེས་གསུངས་པས། སྒྲ་རྟག་པས་སྟོང་བ་དང་ཕུང་པོ་བདག་གིས་སྟོང་བ་རྣམས་མིང་དང་བརྡ་ཙམ་གྱིས་འཇོག་མི་ནུས་པར་གསུངས་པའི་ཕྱིར། ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྒྲུབ་བྱེད་དུ་མིང་དང་བརྡས་བཞག་ཙམ་བཀོད་པ་ཡིན་པས། སྤྱིར་བཏང་ནས་མིང་བརྡས་བཞག་ཙམ་དེ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྒྲུབ་བྱེད་དུ་བཀོད་པ་དང། མིང་བརྡས་བཞག་ཙམ་མ་ཡིན་པའི་རང་གི་སྡོད་ལུགས་ཀྱིས་གྲུབ་པ་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྒྲུབ་བྱེད་དུ་བཀོད་ཀྱང། དམིགས་ཀྱིས་བསལ་ན་རང་འཇོག་བྱེད་ཀྱི་མིང་བརྡས་བཞག་ཙམ་ཡིན་ན་ཡོད་པས་མ་ཁྱབ་ཏེ། སྒྲ་རྟག་པ་དང་། གང་ཟག་གི་བདག་སོགས་རང་འཇོག་བྱེད་ཀྱི་མིང་དང་བརྡས་བཞག་ཙམ་ཡིན་པའི་ཕྱིར། སེམས་ཙམ་པས་ཀུན་བརྟགས་མིང་དང་བརྡས་བཞག་ཙམ་དུ་ཁས་ལེན་པ་དང། ཐལ་འགྱུར་བས་ཆོས་ཐམས་ཅད་མིང་དང་བརྡས་བཞག་ཙམ་དུ་ཁས་ལེན་པ་གཉིས་ཚིག་མཚུངས་ཀྱང་དོན་མི་མཚུངས་ཏེ། སེམས་ཙམ་པས་ཀུན་བཏགས་མིང་དང་བརྡས་བཞག་ཙམ་དུ་ཁས་ལེན་ཀྱང་ཚིག་དེ་ཙམ་གྱིས་མ་ཚིམས་པར་ཀུན་བརྟགས་ཀྱི་སྟེང་དུ་འཇོག་རྒྱུའི་དོན་གྱི་བསྡོད་ལུགས་གཅིག་ཁས་ལེན། ཐལ་འགྱུར་བས་ཆོས་ཐམས་ཅད་མིང་དང་བརྡས་བཞག་ཙམ་དུ་ཁས་ལེན་ཅིང་ཚིག་དེ་ཙམ་གྱིས་ཚིམས་ནས་ཆོས་ཐམས་ཅད་ཀྱིས་སྟེང་དུ་འཇོག་རྒྱུའི་དོན་གྱི་སྡོད་ལུགས་གཅིག་ཁས་མི་ལེན་པའི་ཕྱིར། དང་པོ་གྲུབ་ཏེ། སེམས་ཙམ་པས་ཀུན་བརྟགས་མིང་བརྡས་བཞག་ཙམ་དུ་ཁས་ལེན་ཀྱང་ཐ་སྙད་དུ་བརྟགས་དོན་བཙལ་བའི་ཚེ་ན་རྙེད་པར་ཁས་ལེན་པའི་ཕྱིར། ཐལ་གྱུར་བས་ཆོས་ཐམས་ཅད་མིང་དང་བརྡས་བཞག་ཙམ་དུ་ཁས་ལེན་ཅིང། དེ་ཐ་སྙད་བརྟགས་པའི་བརྟགས་དོན་བཙལ་བའི་ཚེ་ན་མི་རྙེད་པར་ཁས་ལེན་པའི་ཕྱིར། དེས་ན་སེམས་ཙམ་པ་དང། ཐལ་འགྱུར་བ་གཉིས། དང་པོས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྨྲ་བ་དང། གཉིས་པས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྨྲ་བ་གཉིས་ཚིག་མཚུངས་ཀྱང་དོན་མི་མཚུངས་དེ། དེ་གཉིས་སྙེགས་ཚམ་མི་འདྲ་བའི་ཕྱིར་ཏེ། སེམས་ཙམ་པ་དེས་ཀུན་བཏགས་རང་གི་འདོགས་གཞི་གཞན་དབང་གི་སྒོ་ནས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཁས་ལེན། ཐལ་འགྱུར་བས་ཆོས་ཐམས་ཅད་ངོ་བོའི་སྒོ་ནས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཁས་ལེན་པའི་ཕྱིར། དང་པོ་གྲུབ་ཏེ། སེམས་ཙམ་པས་གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཡིན་པ་དེ་འདོགས་གཞི་གཟུགས་ཀྱི་ངོས་ནས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཁས་ལེན་པའི་ཕྱིར་ཏེ། སེམས་ཙམ་པས་གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་གཞི་ཡིན་པ་དེ་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཀྱང་རང་ངོས་ནས་གྲུབ་པར་ཁས་ལེན་པའི་ཕྱིར། གཉིས་པ་གྲུབ་ཏེ། ཐལ་འགྱུར་བས་རང་ངོས་ནས་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་དགོས་པའི་ཕྱིར། འོན་ཀྱང། འདིའི་རང་གི་མཚན་ཉིད་ཀྱིས་གྲུབ་བར་འཛིན་པ་ཡོད་ན་ཞེས་སོགས་ཀྱི་དོན་ནི། སེམས་ཙམ་པས་ལུགས་ཀྱི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོད་ན། ཐལ་འགྱུར་བའི་ལུགས་ཀྱི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོད་དགོས་ཏེ། མིང་དང་བརྡས་བཏགས་ནས་བཞག་པ་མ་ཡིན་པར་རང་གི་ཐུན་མོང་མ་ཡིན་པའི་བསྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཡོད་ན། མིང་གི་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་རྙེད་པའི་ཆོས་ཡོད་དགོས་པའི་ཕྱིར། གཞི་འགའ་ཞིག་སྔ་མ་ལྟར་མི་འཛིན་ཀྱང་ཕྱི་མ་ལྟར་འཛིན་པ་ནི་ཡོད་དོ་ཞེས་པའི་དོན་ནི། སེམས་ཙམ་པས་ཀུན་བརྟགས་དེ་སེམས་ཙམ་པ་འདོད་པ་ལྟར་གྱི་རང་གི་མཚན་ཉིད་ཀྱི་གྲུབ་པར་མི་འཛིན་ཀྱང། ཐལ་འགྱུར་བའི་འདོད་པ་ལྟར་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་ཏེ། སེམས་ཙམ་པས་ཀུན་བཏགས་དེ་མིང་དང་བརྡས་བཏགས་ནས་བཞག་པ་མ་ཡིན་པར་རང་གི་ཐུན་མོང་མ་ཡིན་པའི་བསྡོད་ལུགས་ཀྱི་ངོས་ནས་གྲུབ་བར་མི་འཛིན་ཡང། དེ་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ཡོད་པར་ཁས་ལེན་པའི་ཕྱིར། །
Domain ཆོས་ལུགས།

{{#arraymap:མཚན་ཉིད་ངོ་བོ་ཉིད་མེད་པ་

|; |@@@ | | }}