54133

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་སྤྲུལ་གསུམ་པ་པཎ་ཆེན་བསོད་ནམས་བསྟན་འཛིན་ (1)
Part of speech མིང་ཚིག
Definition ཁམས་ལྷ་ཐོག་དཀར་ལེགས་ཕོ་བྲང་དང་ཉེ་བའི་གྲོང་དུ། ཡབ་གདོང་རིགས་དགའ་ལུ་དབང་ཕྱུག་གི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་ ༡༨༨༠ ལོར་འཁྲུངས། ཁམས་སྤྲུལ་བསྟན་པའི་ཉི་མས་བུ་འདི་གཙང་སྦྲ་ལེགས་པར་གྱིས་ཤིག་གསུངས་ནས་བྱིན་བརླབས་མཛད། གསུང་འབྱོན་ཐུབ་ཙམ་ནས། མཉྫུ་ཤྲཱི་ཛྙཱ་ན་སརྦ་ཞེས་མཚན་བརྗོད་ཐར་ཐོར་དུ་ཀློག་པ་སོགས་ངོ་མཚར་ཆེ། ལྔ་པ་ཙམ་ལ་བསྟན་པའི་ཉི་མས། གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང༌གདན་སར་མངའ་གསོལ་མཛད་དེ་གཙུག་ཕུད་བཞེས། མཚན་བསོད་ནམས་ཡེ་ཤེས་བསྟན་འཛིན་ཉི་མ་ཕྲིན་ལས་འོད་ཟེར་ཀུན་ཁྱབ་ཅེས་གསོལ། རྒན་ཡེ་ཤེས་གྲགས་པ་ཡོངས་འཛིན་དུ་བསྟེན་ནས་སྐུ་ཡོན་གསན་སྦྱང་གནང་། ཡོངས་འཛིན་དེ་ཉིད་རིག་གནས་སྤྱི་དང་སྨན་ལ་ཤིན་ཏུ་མཁས་པས། སུམ་རྟགས་དག་གསུམ་དང༌། གསོ་རིག་རྒྱུད་བཞི་དང་མན་ངག་སྙིང་ཐིག་སྐོར། དེའུ་དམར་ཤེལ་གོང་ཤེལ་ཕྲེང་དང་ལྷན་ཐབས། དར་མོ་སྨན་རམ་གྱི་བཀའ་རྒྱ་མ་སོགས་ཁྲིད་ལུང་ལག་ལེན་ཞིབ་པར་གསན་ནས། ཕྱག་ལེན་དུ་ཐེབས་པར་མཛད། བརྒྱད་པར་བསྟན་ཉིའི་མདུན་ནས། དབང་ལུང་ཟབ་ཁྲིད་རྗེ་ཉིད་ལ་གང་བཞུགས་ཚང་རྫོགས་སུ་གསན། ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་ཀྱི་མདུན་ནས། རིག་གནས་དོགས་གཅོད་དང༌གཞུང་མང་པོར་གསན། འདན་མ་དགེ་སློང་ལས། རྩིས་དཀར་ནག བཻ་སྔོན་བཅས་ཀྱི་ཁྲིད་ལུང་ལོ་ངོ་གཉིས་ལྷག་གསན། འདི་གཉིས་ཀྱིས་རབ་བྱུང་གི་ལས་སློབ་དང་མཁན་པོ་ཡང་མཛད། ཤཱཀྱ་ཤྲཱིའི་མདུན་ནས། ཟབ་ཁྲིད་དང་རྗེའི་དག་སྣང་ཆོས་སྐོར་རྣམས་ཞུས། ཡབ་ཚང་མས་གདན་འདྲེན་ཞུས་ཏེ། སྲས་རྣམས་ལ་རིག་གནས་སྒྲ་སྙན་དག་སྡེབ་སོགས་གནང་ནས། མདོ་ཁམས་ན་མཁས་པའི་སྙན་གྲགས་བྱུང༌། ཆབ་མདོ་ས་དབང་བླ་མ་བྱམས་པ་བསྟན་དར། བཀའ་དྲུང་ཀླུ་ཁང་པ། ཁྲི་སྨོན་པ་སོགས་ལ་རིག་གནས་བསྐོར་གནང་། དགེ་བཤེས་འཇམ་དབྱངས་རོལ་པའི་རྡོ་རྗེའི་དྲུང་ནས། བསྡུས་གྲྭ་དང་གཞུང་ཆེན་སོགས་གསན། མདོ་སྤྱི་ས་དབང་ཁྲི་སྨོན་པས་དབུ་འདྲེན་ཞུས་ཏེ། དབུས་ཕྱོགས་སུ་ཕེབས། ཁྱུང་པོ་བླ་མ་འབྲུག་གྲགས་ལས། བོན་ལུགས་ཀྱི་སྐོར་ཡང་མང་པོ་གསན། ཕར་ཡང་རྙིང་མའི་ཆོས་སྐོར་འགའ་བསྩལ། བྱང་རྭ་སྒྲེང་མཆོག་སྤྲུལ་རིན་པོ་ཆེས་ནན་གྱིས་བཀའ་ཁྱབ་གནང་བ་ལྟར་དེར་དག་ཡིག་དང་། སྙན་ངག་ཁམས་འགྲེལ་ལྟར་ཞིབ་ཁྲིད་དུ་ཕུལ། མཁར་རྡོ་རི་ཁྲོད་དུ་གཏེར་མཛོད་ཀྱི་དབང་ལུང་གནང༌། ལྷ་སར་རྭ་སྒྲེང་རིན་པོ་ཆེར་སྒྲ་དང་སྡེབ་སྦྱོར་རིན་འབྱུང་སོགས་དང་། རྙིང་ལུགས་གཙོ་གྱུར་བཀའ་གཏེར་སྨིན་གྲོལ་གྱི་རིམ་པ་མང་པོ་ཕུལ། སྐབས་དེར་རྒྱལ་དབང་བཅུ་གསུམ་པ་གཤེགས་པས། རྒྱལ་ཚབ་སྲིད་སྐྱོང་ལ་རྭ་སྒྲེང་རིན་པོ་ཆེ་འདེམས་བསྐོ་མངའ་གསོལ་བྱུང་ཞིང༌། སླར་ཡང་ཁམས་སུ་ཕེབས་ཏེ། སྔར་བཞིན་བཅད་རྒྱ་མཛད། དབུས་ནས་སྲིད་སྐྱོང་རྭ་སྒྲེང་བཀའ་ཉེས་ཕོག་སྐབས། རྗེ་འདི་པའང་ཉེས་མེད་ཉེས་ཆད་ཀྱི་འོ་བརྒྱལ་ཡང་ཡང་བྱུང་། རྒྱ་དམར་གྱི་དུས་འགྱུར་རྗེས་དགུང་ལོ་དགུ་བཅུ་པ་ས་བྱ་ ༡༩༦༩ ཙམ་ལ་སྐུ་གཤེགས། རྗེ་འདིའི་གསུང་ཁྲོ་ཆུའི་སྐོར་སོགས་པོད་བཅུ་དྲུག་ཙམ་བཞུགས་སོ། །

{{#arraymap:མཚན་སྤྲུལ་གསུམ་པ་པཎ་ཆེན་བསོད་ནམས་བསྟན་འཛིན་

|; |@@@ | | }}