55066

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཆེན་སོགས་ཀྱི་ཀླུང་རྩིས་ (1)
Part of speech མིང་ཚིག
Definition བོད་ཀྱི་སྐོར་འགོ་བཅོ་ལྔ་ལས་པད་མ་འདབ་བརྒྱད་ཀྱི་གཟུགས་སམ་ཕྱག་རྒྱ་དབུས་སུ་བཀོད་པའི་རྩིས་གདན་སྟེང་དུ་བསྐོར་བའི་མི་ཆེན་ནམ། ལག་རྩལ་པའམ། ཡོན་ཏན་ཅན་བཅས་ཀྱི་ཀླུང་རྩིས་ལ་ཟེར་བ་ཡིན། དེ་ཡང་བརྩི་བྱའི་ལོ་རྟགས་ཕོ་ལོ་ཡིན་ན་ཁྱི་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་མར་འགྲོ་བ་དེ་དང་། མོ་ལོ་ཡིན་ན་ཕག་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་མར་འགྲོ་དེ་སྐོར་འགོར་བཟུང་ཞིང་། སྐོར་འགོ་དེ་ནས་སྐྱེས་པ་ཡིན་ན་གཡས་བསྐོར་ལ་རང་ལོས་དུ་ལོན་དང་། བུད་མེད་ཡིན་ན་གཡོན་བསྐོར་ལ་རང་ལོས་དུ་ལོན་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞི་བྱས། རྩིས་གཞི་དེའི་ཡར་གྱི་བཞི་པའི་སྲོག་ལ་རྩིས་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ཐོག་མ་སྟེ་དང་པོ་ཡིན་ཞིང་། རྡེའུ་དེས་ཀླུང་རྟའི་དར་ཤིང་ཆག་མ་ཆག་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་ཆག་པས་ཕ་མེས་རྒྱལ་པོ་འདྲ་བ་ལ་བུ་མོ་བློན་པོ་འདྲ་བ་འོང་། ནག་པོ་བྱུང་ན་ཆག་པས་ཉེ་བ་དགྲར་ལྡང་ཞིང་ཕ་མེས་ཀྱི་ཡུལ་ཤོར་ཏེ་གཞན་དུ་འཁྱམས་དགོས་འོང་། བཅོས་རིམ་ལ་ཀླུང་རྟ་བསྐྱེད་པའི་ཆོ་གར་འབད་དགོས། རྩིས་གཞི་དེའི་མར་གྱི་བཞི་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཉིས་པ་ཡིན་ཞིང་། རྡེའུ་དེས་ཡུལ་མིའི་མི་ཁ་ཕོག་མ་ཕོག་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་ཕོག་པས་བཟང་། ནག་པོ་བྱུང་ན་ཕོག་པས་ལན་པ་མེད་ཀྱང་མི་ཁ་ལྡང་། མི་ལ་བྱིན་ཡང་མགུ་བ་གཅིག་ཀྱང་མེད། བཟློག་པའི་བཅོས་སུ་མཆོད་རྟེན་ལ་ན་བཟའ་གསོལ་ཞིང་ལམ་འཕྲང་ཕྱག་པ་དང་། དཀར་པོ་དགེ་རྩ་ཅི་འགྲུབ་བསྒྲུབ་དགོས། རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གསུམ་པ་ཡིན་ཞིང་། རྡེའུ་དེས་ཀླུང་རྟའི་བ་དན་ཚུགས་མ་ཚུགས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་ཚུགས་པས་ད་ལྟ་གུད་ཀྱང་ནམ་ཕུགས་བཟང་། ནག་པོ་བྱུང་ན་མ་ཚུགས་པས་ཡུལ་མི་བྱིངས་ཀྱིས་འཕྱ་གླེང་དང་སྲོག་ལ་བར་ཆད་འོང་། བཅོས་རིམ་ལ་བསྐང་གསོ་དང་བསྙེན་སྒྲུབ་ཅི་མང་བྱ་དགོས། རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བཞི་པ་ཡིན་ཞིང་། རྡེའུ་དེས་ཀླུང་རྟ་བདུད་རྒྱར་ཚུད་མ་ཚུད་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་ཚུད་པས་ཅི་བསམ་དོན་ཀུན་འགྲུབ། ནག་པོ་བྱུང་ན་ཚུད་པས་ཁ་ཡོག་འོང་། བཅོས་རིམ་ལ་རཀའི་དགྲ་མདོས་དང་མི་ཁ་སྐྱས་འདེབས་བྱ་དགོས། རྩིས་གཞི་དེའི་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ལྔ་པ་ཡིན་ཞིང་། རྡེའུ་དེས་ཀླུང་རྟའི་དམུ་ཡབ་བསྐམས་མ་བསྐམས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་བསྐམས་པས་བཟང་། ནག་པོ་བྱུང་ན་བསྐམས་པས་ནོར་གཡང་དང་ཟས་བཅུད་མེད། བཅོས་རིམ་ལ་ལྟ་གསོལ་གཡང་འགུགས་དང་ཚེ་སྒྲུབ་བྱ་དགོས། རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་དྲུག་པ་ཡིན་ཞིང་། རྡེའུ་དེས་ཀླུང་ཟས་འདྲེ་ཡིས་ཁྱེར་མ་ཁྱེར་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་ཁྱེར་བས་བཟང་། ནག་པོ་བྱུང་ན་ཁྱེར་བས་ནོར་སྲིད་ལ་ངན། རྩིས་གཞི་དེ་ཉིད་ཀྱི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བདུན་པ་ཡིན་ཞིང་། རྡེའུ་དེས་ལྷ་མིའི་བར་ཐག་ཆད་མ་ཆད་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་ཆད་པས་འགོ་བའི་ལྷ་མི་འབྲལ་བར་གནས། ནག་པོ་བྱུང་ན་ཆད་པས་ལྷས་མི་བཙོང་ཞེས་སྲུང་མ་བདུད་དུ་བབས་ཏེ་ཕ་མེས་སར་ངན། བཅོས་རིམ་ལ་ལྷ་དང་སྲུང་མ་གསོལ་དགོས། རྩིས་གཞི་དེ་ཉིད་ཀྱི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཞུག་མ་སྟེ་བརྒྱད་པ་ཡིན་ཞིང་། རྡེའུ་དེས་མཐོ་བྱམས་དམའ་སྡང་འདུག་མི་འདུག་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མི་འདུག་པས་སྙན་པའི་བ་དན་འཕྱར་ཞིང་རྒས་ཁར་སྐྱིད། ནག་པོ་བྱུང་ན་འདུག་པས་ཀླུང་རྟ་བསྐྱེད་པའི་གཏོ་ཆོག་བྱ་དགོས། གལ་སྲིད་བརྩི་བྱ་ལྕགས་ཡོས་ལོ་པ་ཞིག་ཕོ་ལོ་ཞེ་ལྔར་སོན་དུས་དེར་རྩིས་འདི་བསྐོར་བར་ཆ་བཞག་ན། ལོ་རྟགས་ཡོས་མོ་ལོ་དང་དབང་ཁམས་ལྕགས་མ་ས་ཡིན་པས་ས་ཕག་སྐོར་འགོར་འཛིན་དགོས། སྐོར་འགོ་དེ་ནས་གཡས་བསྐོར་ལ་ལོ་གྲངས་ཞེ་ལྔ་བགྲངས་ན་འབབ་པའི་ལོག་མེན་ལྟ་བུ་དེ་ཆུ་ལུག་ཡིན་པས། ཆུ་ལུག་ནི་ཡར་དང་མར་ལ་བགྲངས་སའི་ལྟེ་བ་རྩིས་གཞི་ཡིན། རྩིས་གཞི་ཆུ་ལུག་གི་ཡར་གྱི་བཞི་པ་ལྕགས་འབྲུག་གི་སྲོག་ཁམས་ས་ལ་བརྩི་བྱའི་སྲོག་ཁམས་ཤིང་གིས་འཐབ་པའི་རྡེའུ་དཀར་བས་ཀླུང་རྟའི་དར་ཤིང་མ་ཆག་པ་ལྟ་བུ་དང་། མར་གྱི་བཞི་པ་མེ་ཁྱིའི་ལུས་ཁམས་ས་ལ་བརྩི་བྱའི་ལུས་ཁམས་ཤིང་གིས་འཐབ་པའི་རྡེའུ་དཀར་བས་ཡུལ་མིའི་མི་ཁ་མ་ཕོག་པ་ལྟ་བུ། ཡར་གྱི་བཅུ་གཅིག་པ་ཆུ་བྱའི་དབང་ཁམས་ཆུ་ལ་བརྩི་བྱའི་དབང་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་ནག་པས་ཀླུང་རྟའི་བ་དན་མ་ཚུགས་པ་ལྟ་བུ། མར་གྱི་བཅུ་གཅིག་པ་ཆུ་སྦྲུལ་གྱི་ཀླུང་ཁམས་ཆུ་ལ་བརྩི་བྱའི་ཀླུང་ཁམས་མེ་ཡིས་འཐབ་པའི་རྡེའུ་ནག་པས་ཀླུང་རྟ་བདུད་རྒྱར་ཚུད་པ་ལྟ་བུ། ཡར་གྱི་བདུན་པ་མེ་གླང་གི་སྲོག་ཁམས་ས་ལ་བརྩི་བྱའི་སྲོག་ཁམས་ཤིང་གིས་འཐབ་པའི་རྡེའུ་དཀར་བས་ཀླུང་རྟའི་དམུ་ཡབ་མ་བསྐམས་པ་ལྟ་བུ། མར་གྱི་བདུན་པ་ས་གླང་གི་ལུས་ཁམས་མེ་ལ་བརྩི་བྱའི་ལུས་ཁམས་ཤིང་གིས་འཐབ་པའི་རྡེའུ་ནག་པས་ཀླུང་ཟས་འདྲེ་ཡིས་ཁྱེར་བ་ལྟ་བུ། རྩིས་གཞི་ཆུ་ལུག་ཉིད་ཀྱི་དབང་ཁམས་ཆུ་ལ་བརྩི་བྱའི་དབང་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་ནག་པས་ལྷ་མིའི་བར་ཐག་ཆད་པ་ལྟ་བུ། ཡང་རྩིས་གཞི་ཆུ་ལུག་གི་ཀླུང་ཁམས་མེ་ལ་བརྩི་བྱའི་ཀླུང་ཁམས་མེ་ཡིས་འཐབ་པའི་རྡེའུ་ནག་པས་མཐོ་བྱམས་དམའ་སྡང་འདུག་པ་ལྟ་བུ། དེ་བཞིན་དུ་ལོ་ཁམས་ལྕགས་ཡོས་ཡིན་པའི་བརྩི་བྱ་དེ་བུད་མེད་ཡིན་པར་ཆ་བཞག་ན། སྐོར་འགོ་ས་ཕག་ནས་གཡོན་བསྐོར་ལ་ལོ་གྲངས་ཞེ་ལྔ་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞིར་བཟུང་ཞིང་། རྩིས་གཞི་དེའི་ཡར་བཞི་མར་བཞི་སོགས་ལ་བརྩི་བྱའི་སྲོག་ལུས་དབང་ཀླུང་གིས་གོང་མ་ཇི་བཞིན་འཐབ་ནས་བརྟག་དགོས།
Domain རྩིས་རིག

{{#arraymap:མི་ཆེན་སོགས་ཀྱི་ཀླུང་རྩིས་

|; |@@@ | | }}