55209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཕམ་ཡར་འཕེལ་དབང་པོ་ (1)
Part of speech མིང་ཚིག
Definition མི་ཕམ་སྒྲུབ་བརྒྱུད་ཡར་འཕེལ་དབང་པོ་མཆོག་ནི། ནང་སོ་ལྕོག་ཏུ། ཡབ་ནང་སོ་སྙིང་སྡུག་དང༌། ཡུམ་ཤཱཀྱ་མཚོ་མོའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་སྤྲེལ་ ༡༦༣༢ ལོར་བལྟམས། སྔོན་གནས་རྗེས་དྲན་གྱི་སྤྱོད་ཚུལ་ལས་ཀུན་མཁྱེན་དངོས་སློབ་མཆོག་གཟིགས་ཐུགས་རྗེ་དཔལ་འབྱོར་གྱི་སྐྱེ་བར་གྲགས། གདན་ས་བ་རྣམས་ཀྱིས་བརྟག་དཔྱད་བྱས་པས་གྲྭ་ཡོན་ཐམས་ཅད་ཡིད་ཆེས། རྗེ་ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་ཀྱི་བརྒྱུད་འཛིན་སློབ་མར་གྱུར་ཅིང་། དགུང་ལོ་བརྒྱད་པ་ལ། ཡར་འབྲོག་སྒྲུབ་སྡེ་འབྲུག་རྒྱས་བསམ་གཏན་ཆོས་གླིང་དུ་གོང་མའི་གདན་སར་ཕེབས། དཔག་བསམ་དབང་པོའི་དྲུང་དུ་གཙུག་ཕུད་ཕུལ་ཏེ། མཚན་སྒྲུབ་བརྒྱུད་ཡར་འཕེལ་དབང་པོར་གསོལ། མཇལ་བའི་མོད་ལ་ཏིང་ངེ་འཛིན་རང་བྱུང་དུ་འཁྲུངས། ཆོས་རྗེ་ཚར་སྟེང་བ་དང་མཁས་པ་འགའ་ལས། སྒྲ་སྙན་ངག རྩིས་བྲིས་འབུར་གྱི་བཟོ་རིག་སོགས་སྦྱངས་པས་མཁས་པའི་རྩེར་སོན་ཏེ། རིག་པའི་རལ་གྲི་ཞེས་བསྔགས། གྲུབ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་བཟང་པོ། ཅོག་གྲྭ་གཉིས་པ་དབང་སྙན་གྲགས་དཔལ་བཟང༌། གོང་ས་རྒྱལ་བ་ལྔ་པ་ཀུན་གཟིགས་ངག་དབང་བློ་བཟང་རྒྱ་མཚོ་སོགས་ལས་གསར་རྙིང་གི་ཆོས་བཀའ་མང་པོ་མནོས། གཙོ་བོར་ཡོངས་འཛིན་རིན་པོ་ཆེ་ངག་དབང་ཀུན་དགའ་ལྷུན་གྲུབ་རིགས་ཀྱི་ཅོད་པན་དུ་བསྙེན་ཏེ། དགུང་ལོ་ཉི་ཤུ་པར་ཡོངས་འཛིན་དམ་པས་མཁན་སློབ་སྦྲགས་མ་མཛད་ནས་བསྙེན་པར་རྫོགས། རིམ་བཞིན་བསྲེ་འཕོའི་ཁྲིད་འགྲེལ་སྦྲགས་མ། འབྲུ་བཤད་བཅས་འབུམ་ནག་ལུགས། སྙན་རྒྱུད་ལུགས་གཉིས། ཨོ་རྒྱན་བསྙེན་སྒྲུབ། རྟེན་འབྲེལ། རོ་སྙོམས། ལམ་ཟབ་རྣམས་ཀྱི་ཁྲིད་ཚུལ་རྒྱས་པ། སྒྲུབ་ཐབས་སྐོར་ལྔས་མཚོན་པའི་འབྲུག་སྐོར་མཐའ་དག་བརྒྱུད་པའི་སྨིན་གྲོལ་བུམ་པ་གང་བྱོ་ནོད་པར་མཛད། ཕྱག་རྒྱ་ཆེན་པོའི་ཁྲིད་གསན་མ་ཐག་ནས་གནས་ལུགས་ཀྱི་རང་ཞལ་འཁྲུལ་མེད་གཟིགས། བྲག་དཀར་འབྲོང་བུ། ངར་ཕུག ཡང་རྫོང་སོགས་སྒྲུབ་གནས་ཅི་རིགས་སུ་ལྷག་པའི་ལྷ་རྒྱ་མཚོའི་བསྙེན་སྒྲུབ་ལ་གཞོལ་ཞིང༌། ཉམས་བཞེས་ཀྱི་གཙོ་བོ་གཏུམ་མོ་བདེ་ཆེན་ལ་གནད་དུ་བསྣུན་པས་གྲུབ་པའི་དབང་ཕྱུག་ཆེན་པོའི་གོ་འཕང་བརྙེས། དགུན་གངས་ཁོངས་སུ་ན་བཟའ་རས་རྐྱང་གིས་དྲོས་པ་སོགས་ཡ་མཚན་པ་བགྲང་གིས་མི་ལང༌། རེ་ལྔ་པ་ལ་རྗེ་དབོན་རིན་པོ་ཆེ་འཇམ་པའི་རྡོ་རྗེ་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ཏེ། གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་གི་ཉེ་བའི་ཆར་མཁའ་སྤྱོད་བདེ་ཆེན་གླིང་དུ་དབེན་པ་བསྟེན་ཅིང༌། རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལྷུར་བཞེས་མཛད་པའི་ཞར་དུ་སློབ་མ་མང་པོ་ངེས་གསང་ཟབ་མོའི་གདམས་པས་རྗེས་སུ་བཟུང༌། རྣམ་ཐར། གསུང་མགུར། ཞལ་གདམས། སྨིན་གྲོལ་ཟབ་ཁྲིད་གནད་ཀྱི་ལྡེའུ་མིག་ལྟ་བུའི་ལེགས་བཤད་མཛད་དེ། སྒྲུབ་བརྒྱུད་ཀྱི་རིང་ལུགས་དབྱར་མཚོ་ལྟར་སྤེལ་བའི་མཐར། དགུང་ལོ་དོན་གསུམ་པ་ཤིང་སྤྲེལ་ ༡༧༠༤ ལོའི་བོད་ཟླ་ལྔ་པའི་ཉ་ལ་ཞི་བར་གཤེགས་སོ། །ཞལ་སློབ་ཀྱང་ཡོངས་འཛིན་མཆོག་སྤྲུལ་དགེ་ལེགས་འཇམ་མགོན་བཞད་པ། གྲུབ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་དཔལ་འབྱོར། ཁམས་སྤྲུལ་གསུམ་པ་ངག་དབང་ཀུན་དགའ་བསྟན་འཛིན་སོགས་བཟང་ལ་མང་བ་བྱུང་ངོ༌། །

{{#arraymap:མི་ཕམ་ཡར་འཕེལ་དབང་པོ་

|; |@@@ | | }}