567

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྱེཻ་རྡོ་རྗེ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། ནང་པ་སངས་རྒྱས་པའི་གསང་སྔགས་བླ་ན་མེད་པའི་རྒྱུད་ཀྱི་ནང་ཚན་མ་རྒྱུད་ལ་རྒྱུད་སྡེ་མི་འདྲ་བ་མང་དུ་ཡོད་པའི་ནང་ནས་ཀྱེེཻའི་རྡོ་རྗེའམ་དགྱེས་པ་རྡོ་རྗེའི་རྒྱུད་ནས་གསུངས་པའི་ཡི་དམ་གྱི་ལྷ་ཞིག་ཡིན། དེ་ཡང་ཀྱེའི་རྡོ་རྗེ་ལ་རིགས་བསྡུས་དང་རིགས་ལྔ་སོ་སོའི་ལྷ་གཉིས་ཡོད་པ་ལས། རིགས་བསྡུས་ལྷ་ཞེ་ལྔ་མ་དང་། རིགས་བསྡུས་ལྷ་ཉེར་ལྔ་མ། དེ་ལ་སྒོ་མ་བཞི་བསྣན་པའི་ལྷ་ཉེར་དགུ་མ་བཅས་ཀྱེེཻ་རྡོར་གྱི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར་ལས་གསུངས། རིགས་སོ་སོ་བ་ལ་རིགས་ལྔ་ཡོད་པའི་རྡོ་རྗེའི་རིགས་ལ། སྐུ་ཀྱེཻའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། གསུང་ཀྱེཻའི་རྡོ་རྗེའི་ཞལ་གཅིག་ཕྱག་བཞི་པ། ཐུགས་ཀྱེཻའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། སྙིང་པོ་ཀྱེཻའི་རྡོ་རྗེའི་ཞལ་བརྒྱད་ཕྱག་བཅུ་དྲུག་པ་བཅས་རིགས་བཞིའི་དཀྱིལ་འཁོར་་རྩ་རྒྱུད་ལས་གསུངས་ཤིང་། དེ་རྣམས་ཡབ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཡིན། ཡུམ་གཙོ་བོར་གྱུར་པའི་ལྷ་མོ་བཅོ་ལྔས་བསྐོར་བ་ནི། རྩ་རྒྱུད་བརྟག་གཉིས་དང་། ཀྱེཻ་རྡོར་གྱི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར་ལས་གསུངས། ཕྱག་བཅུ་དྲུག་པ་རིགས་གཞན་བཞི་ནི་བཤད་རྒྱུད་རྡོ་རྗེ་གུར་ལས་གསུངས། ཀྱེཻ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ཡུམ་མེད་པ་དང་། ཞལ་གསུམ་ཕྱག་དྲུག་པ་ལྷ་མོ་དྲུག་གིས་བསྐོར་བ་ནི། བདེ་མཆོག་དང་ཀྱེ་རྡོར་ཐུན་མོང་གི་བཤད་རྒྱུད་སམ་བྷུ་ཊ་ཡི་བརྟག་པ་དང་པོའི་རབ་བྱེད་བདུན་པར་གསུངས། ཀྱེཻའི་རྡོ་རྗེ་དྲག་པོ་མཚོན་ཆ་ཅན་ལྷ་བཅུ་བདུན་ནི། བཤད་རྒྱུད་སམ་བྷ་ཊ་ཡི་རབ་བྱེད་དགུ་པ་དང་ཉེར་བརྒྱད་པ་གཉིས་ལས་གསུངས་པ་བཅས་ཞིབ་པར་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་པོས་མཛད་པའི་བརྟག་གཉིས་རྣམ་བཤད་རྡོ་རྗེའི་མཁའ་འགྲོ་མ་རྣམས་ཀྱི་གསང་མཛོད་དང་། གཞན་ཡང་ཀརྨ་པ་རང་བྱུང་རྡོ་རྗེ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། པོོ་དོང་པཎ་ཆེན་འཇིགས་མེད་གྲགས་པ། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་བཅས་ཀྱིས་མཛད་པའི་ཀྱེཻ་རྡོར་རྩ་རྒྱུད་བརྟག་གཉིས་ཀྱི་འགྲེལ་པ་རྣམས་ལ་གཟིགས། ཀྱེཻ་རྡོར་འདི་ལ་ལུགས་མི་འདྲ་བ་བཅུ་ཡོད་པ་སྟེ། འགྲེལ་པ་ལུགས་སམ་མཚོ་སྐྱེས་ལུགས། རྔོག་ལུགས་སམ་མར་ལུགས། ཌོམ་བྷི་ལུགས། ནཱ་རོ་ལུགས། ནག་པོ་ལུགས། མན་ངག་ལུགས་སམ་ཐོད་པ་ཅན། ཞི་བ་སྦས་པའི་ལུགས། ཛྙ་ན་ལུགས། ལུས་དཀྱིལ། མཚོན་ཆ་ཅན་བཅས་ཡོད་པ་དང་། དེ་དག་གི་དབང་མང་ཆེ་བ་ནི་ཐོ་ཡོན་བླ་མ་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་ཀྱི་ཕྱོགས་བསྒྲིགས་གནང་བའི་དཀྱིལ་ཆོག་ནོར་བུའི་ཕྲེང་བ་ནང་ཡོད་ཅིང་། འགའ་ཞིག་ས་སྐྱ་བློ་གཏེར་་དབང་པོས་ཕྱོགས་བསྒྲིགས་གནང་བའི་སྒྲུབ་དཀྱིལ་ཀུན་བཏུས་ནང་དུ་ཡོད་པས་དེ་དག་ལ་གཟིགས་པར་ཞུ།
Domain ཆོས་ལུགས།

{{#arraymap:ཀྱེཻ་རྡོ་རྗེ་

|; |@@@ | | }}