56987

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོན་ཀཿཐོག་བསོད་ནམས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition མོན་ཀཿ་ཐོག་བསོད་ནམས་རྒྱལ་མཚན་ནི། རཏྣ་གླིང་པའི་ལུང་གིས་ཟིན་ཅིང་ཉག་རོང་བཞག་གི་ཡུལ་དུ་རབ་བྱུང་བརྒྱད་པའི་མེ་ཁྱི་ཕྱི་ལོ་ ༡༤༦༦ ལོར་སྐུ་འཁྲུངས། ཀཿཐོག་ཏུ་བྱོན་ནས་སྒྲོ་མདོག་པ་དང་བཞག་བླ་ཡེ་ཤེས་འབུམ། ཁ་བ་དཀར་པོ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་བཀའ་གཏེར་བསྟན་བཅོས་མང་པོ་གསན་བསམ་མཛད་པས་མཁས་པའི་དབང་པོར་གྱུར། སྒོམ་སྒྲུབ་མཛད་པས་ཉམས་རྟོགས་ཀྱི་རྩལ་ཡོངས་སུ་རྫོགས། སྐུ་ཚེའི་སྨད་ལ་བླ་མའི་བཀའ་བཞིན་དབུས་ཕྱོགས་ལྷ་ས་དང་བསམ་ཡས་ལ་ཕེབས། མངའ་རིས་པཎྜི་ཏ་ཆེན་པོ་པདྨ་དབང་གི་རྒྱལ་པོ་དང་མཇལ་འཕྲད་བྱུང་སྟེ་སྒྱུ་འཕྲུལ་ཞི་ཁྲོ་དང༌། འདུས་པ་མདོ་དང༌། བཀའ་བརྒྱད་བདེར་འདུས་སོགས་ཀྱི་དབང་དང་གདམས་ཁྲིད་བཅས་ཕན་ཚུན་འབུལ་རེས་མཛད་དེ་ཐུགས་ཡིད་གཅིག་ཏུ་འདྲེས། ཁམས་དབུས་གཉིས་ཀའི་བཀའ་གཏེར་གྱི་བསྟན་པར་དག་ཐེར་དང་ཉམས་གསོ་མཛད། དེ་ནས་རིམ་གྱིས་ལྷོ་མོན་སྤ་གྲོ་སྟག་ཚང་དུ་ཕེབས་ཏེ་གནས་ཀྱི་དབུ་རྩེར་གདན་ས་བཏབ་པ་ལ་དེང་སང་ཨོ་རྒྱན་རྩེ་མོ་ཞེས་གྲགས། དེར་སྒྲུབ་པ་ཁོ་ནར་གཙོ་བོར་མཛད། ཞོར་དུ་སྐལ་ལྡན་གྱི་སློབ་ཚོགས་མང་པོ་ལ་སྨིན་གྲོལ་གདམས་པའི་ཆོས་འཁོར་རྒྱ་ཆེར་བསྐོར་བས་ཀཿཐོག་པ་རྣམ་གྲོལ་བཟང་པོ་སོགས་སློབ་མ་འགྲོ་དོན་ནུས་པ་མང་ཞིག་བྱོན་པར་སྣང༌། རྗེ་འདིས་མཛད་པའི་བསྟན་བཅོས་ཀཿཐོག་སྔ་རབས་པའི་བཞེད་པ་གཙོ་བོར་བཏོན་པའི་གཞུང༌། བཀའ་ཐམས་ཅད་གསལ་བར་སྟོན་པར་བྱེད་པ། བསྟན་པ་ཐམས་ཅད་ཀྱི་སྤྱི་འགྲེལ། ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད། མན་ངག་ཐམས་ཅད་ཀྱི་དགོངས་དོན། སེམས་ཀྱི་ཆོས་ཉིད་མངོན་དུ་རྟོགས་པའི་མེ་ལོང༌། ཉི་འོད་གསལ་བ་ཞེས་བྱ་བ་ལེའུ་བཅུ་བདུན་པ་སོགས་གསུངས་གསུང་ཆོས་མང༌། སྐུ་ཚེའི་མཐར་སྒྲུབ་གནས་སྟག་ཚང་རོང་དུ་ངོ་མཚར་བའི་ལྟས་དང་བཅས་རབ་བྱུང་དགུ་པའི་ལྕགས་བྱ་ཕྱི་ལོ་ ༡༥༦༡ ལོར་གཤེགས་པ་ཡིན་ནོ། །

{{#arraymap:མོན་ཀཿཐོག་བསོད་ནམས་རྒྱལ་མཚན་

|; |@@@ | | }}