58179

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚད་མ་རིག་པ་ (1)
Part of speech མིང་ཚིག
Definition སྤྱིར་བཏང་ཚད་མ་རིག་པ་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ཏེ་བཤད་ན་རྟོག་གེའི་རིག་པ་ལ་ཡང་གོ་ཆོག་པ་ལྟར། རྟོག་གེའི་རིག་པ་ནི་རྒྱ་གར་དུ་ནང་པའི་ཆོས་ལུགས་མ་བྱུང་གོང་གི་ལོ་མང་པོ་ཞིག་གི་སྔོན་ནས་དྲང་སྲོང་ལྷའི་བླ་མ་ཞེས་པས་སྐྱེ་བ་སྔ་ཕྱི་མེད་པར་སྟོན་པའི་བསྟན་བཅོས་ཐོག་མར་བརྩམས་ཤིང༌། དེ་མཚུངས་དྲང་སྲོང་འཇིག་རྟེན་མིག་ཅེས་པས་ལས་རྒྱུ་འབྲས་མེད་པར་སྟོན་པའི་བསྟན་བཅོས་བརྩམས། དེ་ནས་མུ་སྟེགས་པའི་སྟོན་པ་དྲང་སྲོང་སེར་སྐྱ་ཞེས་པས་ཤེས་བྱ་ཐམས་ཅད་རྣམ་གྲངས་ཉི་ཤུ་རྩ་ལྔར་འདུས་པར་སྟོན་པའི་བསྟན་བཅོས་བརྩམས། ནང་པའི་ཆོས་ལུགས་རྒྱ་གར་དུ་དར་རྗེས་སངས་རྒྱས་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་གསུངས་པའི་མདོ་སྡེ་མང་པོས་ཚད་མ་གསུམ་གྱི་རྣམ་གཞག་སྐོར་བསྟན། རྗེས་སུ་དགྲ་བཅོམ་འཆོས་སྐྱོབས་དང་། དུས་རབས་བདུན་པའི་འགོ་ཙམ་དུ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་རང་ལས་མཁས་པ་བཞིའི་ནང་ཚན་ཚད་མ་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐོག་མར་དམིགས་པ་བརྟག་པ་དང་སེལ་བར་བརྟག་པ་སོགས་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད། རྗེས་སུ་བསྟན་བཅོས་དེ་དག་གི་བརྗོད་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྟོན་པའི་བསྟན་བཅོས་བརྩམས་པར་བཞེད་ནས་ཚད་མ་ཀུན་བཏུས་མཛད། སློབ་དཔོན་ཕྱོགས་གླང་སྐུ་གཤེགས་རྗེས་སློབ་དཔོན་ཆོས་ཀྱི་གྲགས་པས་སློབ་དཔོན་དབང་ཕྱུག་སྡེའི་དྲུང་དུ་ཚད་མ་ཀུན་བཏུས་ཚར་གསུམ་གསན་ནས་སློབ་དཔོན་གྱི་གནང་བ་ཐོབ་པ་ལྟར་ཚད་མ་སྡེ་བདུན་བརྩམས་པར་མཛད་ཅིང༌། ཚད་མ་རྣམ་འགྲེལ་ལ་སློབ་དཔོན་ལྷ་དབང་བློ་དང༌། ཤཱཀྱ་བློ་གཉིས་ཀྱི་འགྲེལ་པ་ཡོད་ཅིང༌། སློབ་དཔོན་དུལ་བ་ལྷས་ཚད་མ་སྡེ་བདུན་ཀ་ལ་འགྲེལ་པ་ཡོད་ལ། རྒྱན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་ཚད་མ་རྣམ་འགྲེལ་ལ་འགྲེལ་པ་མཛད། སློབ་དཔོན་ཆོས་མཆོག་གིས་ཚད་མ་རྣམ་ངེས་ཀྱི་འགྲེལ་ལྡན་ཆེན་མོ་རིགས་ཐིགས་ཀྱི་འགྲེལ་པ་སློབ་མ་ལ་ཕན་སོགས་ཚད་མའི་གཞུང་མང་པོ་ཡོད། ཚད་མའི་བསྟན་བཅོས་དེ་དག་བོད་དུ་བསྒྱུར་བ་ནི་ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཚད་མའི་བསྟན་བཅོས་མང་པོ་བསྒྱུར། བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་བསྒྱུར། རྗེས་སུ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས ཚད་མ་སྡེ་བདུན་བོད་སྐད་དུ་བསྒྱུར་ཞིང༌། ཚད་མ་རྣམ་ངེས་ལ་འགྲེལ་བཤད་མཛད། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་གཏེར་འགྲེལ་པ་དང་བཅས་པ་མཛད། གཞན་ཡང་འུ་ཡུག་པ་རིགས་པའི་སེང་གེ། ཉ་དབོན་ཀུན་དགའ་དཔལ་བ། རྗེ་ཙོང་ཁ་པ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང༌། རྒྱལ་མཆོག་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ། པཎ་ཆེན་བསོད་ནམས་གྲགས་པ། འཇམ་དབྱངས་དགའ་བའི་བློ་གྲོས། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང༌། རྟ་ནག་དགེ་འདུན་བློ་བཟང༌། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། ཀརྨ་པ་ཆོས་གྲགས་རྒྱ་མཚོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སོགས་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་མང་པོས་མཛད་པ་ཡོད།

{{#arraymap:ཚད་མ་རིག་པ་

|; |@@@ | | }}