60748

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞིང་སྐྱོང་གྲགས་པ་བཀྲ་ཤིས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ལྕགས་ལུག་ཕྱི་ལོ་ ༡༦༣༡ ལོར་སྐུ་འབུམ་མཆོད་གཞིས་ཀྲང་ཀྱཱ་སྡེ་བར་འཁྲུངས། རྗེ་ལྷུན་གྲུབ་རྒྱ་མཚོ་ལས་རབ་ཏུ་བྱུང་། སྐུ་འབུམ་གྱི་ཆོས་སྒར་ཞུགས་ཏེ་དོན་གྲུབ་རྒྱ་མཚོ་སློབ་དཔོན་དུ་བསྟེན། ཕར་ཚད་དབུ་གསུམ་གྱི་གཞུང་ལ་མཁས་པར་སྦྱངས། དགོན་ལུང་དང་། བྱ་ཁྱུང་སོགས་གྲྭ་སྐོར་མཛད། དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེེབས། གཞུང་བཀའ་པོད་ལྔ་ཐུགས་བརྩོན་མཛད། སྨད་རྒྱུད་གྲྭ་ཚང་དུ་རྒྱུད་སྡེ་ཐོས་བསམ་གནང་། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བརྙེན་པར་རྫོགས་ཤིང་བཀའ་ཆོས་ཀྱང་ཞུས། རྒྱལ་དབང་ལྔ་པ་ལས་དབང་སོགས་གསན། སྐུ་འབུམ་རྒྱུད་པ་གྲྭ་ཚང་དུཕེབས་ཏེ། ་བླ་མ་དབུ་མཛད་དང་། རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས། རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ཕྱི་ལོ་ ༡༦༧༥ ལོར་བྱ་ཁྱུང་དགོན་པའི་གདན་ཁྲིར་བྱོན། གདན་ས་ལོ་ངོ་བཅོ་ལྔའི་རིང་བསྐྱངས། འདུ་ཁང་དབུས་འབུབ་གྱན་དགུ་མ་དང་། བླ་བྲང་ཕྱི་ར་ནང་སྐོར་བཅས་བཞེངས། མཛད་བཅུ་དང་། གནས་བཅུ། ཙོང་ཁ་བརྒྱད་ཅུ། འཇིགས་བྱེད་དང་ཆོས་སྐྱོང་ཁག མཁན་བརྒྱུད་དང་རྗེ་བཙུན་དམ་པའི་འཁྲུངས་རབས། ཞལ་ཐང་སོགས་ཐང་ག་ཞེ་ལྔ་དང་། བྱམས་པའི་གསེར་སྐུ་ཁྲུ་ལྷག་གསར་འདུས་བློས་བསླངས་བཅས་མང་པོ་བཞེངས། དབུས་སུ་ཕེབས་ཏེ་ཇོ་ཤཱཀྱ་རྣམ་གཉིས་དང་། རྒྱལ་དབང་ལྔ་བ་རིན་པོ་ཆེ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་མཆོད་བཀུར་མཛད། རྒྱལ་དབང་ལྔ་པས་མཁན་ཆས་ཆ་ཚང་། ཞབས་ཕྱིའི་གྲངས་བཅད། མཁན་པོའི་བཀའ་ཐམ་བཅས་གནང། དེ་ནས་བྱ་ཁྱུང་མཁན་རབས་རྣམས་ལ་མཁན་པོའི་ཆོ་ལོ་ཡོད་པར་གྱུར། ཁྲི་ཟུར་རྗེས་ཆུ་དཀར་རི་ཁྲོད་དུ་སྒོམ་སྒྲུབ་མཛད། དྲུག་ཅུ་པ་རབ་བྱུང་བཅུ་གཉིས་པའི་ལྕགས་རྟ་ཕྱི་ལོ་ ༡༦༩༠ ལོར་སྐུ་གཤེགས། སྐུ་འབུམ་རྒྱུད་པ་གྲྭ་ཚང་གི་ཁྲི་རབས་བཞི་པ་དང་། བྱ་ཁྱུང་དགོན་པའི་མཁན་རབས་ཉེར་གསུམ་པ་ཡིན།

{{#arraymap:ཞིང་སྐྱོང་གྲགས་པ་བཀྲ་ཤིས་

|; |@@@ | | }}