61427

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟངས་དཀར་གྲུབ་སྲས་བཞད་པ་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཡབ་རྣལ་འབྱོར་པ་ངག་དབང་ཚེ་རིང་དང༌། ཡུམ་ལྡེ་དཔལ་འཛོམ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་ ༡༧༡༡ ལོའི་དཔྱིད་ཟླ་བཞི་པའི་ཚེས་བཞིའི་ཐོ་རངས་སུ་འཁྲུངས། ཡབ་ཀྱིས་འདི་རྟ་མགྲིན་ལྷའི་ང་རྒྱལ་གྱི་སྐབས་སུ་བསྒྲུབས་པས། མ་འོངས་པར་ཀུན་དབང་དུ་འདུ་བ་ཞིག་འོང་ཡང༌། རཱ་གའི་རྣམ་འགྱུར་ཆེར་བདོ་བ་ཞིག་ཡོང་གསུངས། གཞོན་ནུ་ནས་འབྲི་ཀློག་རྣམས་ཚེགས་མེད་པར་མཁྱེན། ཡབ་ལས་རང་ལུགས་ཀྱི་དབང་ལུང་ཁྲིད་ཐམས་ཅད་གསན། སློབ་དཔོན་འབྱོར་ཚེ་རིང་མདུན་ལྷ་བྲིས་སྦྱངས་ནས་མཁས་པར་གྱུར། ལྷོ་འབྲུག་ཏུ་གདན་ས་སྤུངས་ཐང་དུ་ལོ་དྲུག་རིང་རྗེ་མཁན་རབས་བདུན་པ་བསྟེན་ཏེ། བསྙེན་པར་རྫོགས་ཤིང༌། མཚན་ཚུལ་ཁྲིམས་ཆོས་ཀྱི་འབྱུང་གནས་ཞེས་གནང༌། སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་དཔག་མེད་གསན། རྩ་བའི་བླ་མར་འཛིན། བལ་ཡུལ་མཆོད་རྟེན་རྣམ་གཉིས་དང་གངས་ཏི་སེ་སོགས་སུ་གནས་སྐོར་ལ་བྱོན། སྤུ་རངས་ཁོ་ཆགས་དགེ་བཤེས་མདུན་ནས་སྙན་ངག་ལེའུ་གསུམ་ལ་མཁས་པར་སྦྱངས། སློབ་དཔོན་འཇིགས་དབང་རོལ་པའི་རྡོ་རྗེ་ལས་བསྲེ་འཕོ། སྙན་རྒྱུད། བླ་སྒྲུབ་རིམ་གཉིས་གདན་རྫོགས་རྣམས་གསན། བུག་སྒོ་འདག་སྦྱར་གྱིས་ཐོག་མར་སྔོན་འགྲོ་དང༌། ཟབ་ལམ་བླ་སྒྲུབ་ཐུན་མིན་རིམ་གཉིས་ཉམས་ལེན་གནང་བས། བདེ་སྟོང་དབྱེར་མེད་ལ་ངེས་ཤེས་རྙེད་དེ། ལོ་བཅུ་གཉིས་རྫོང་ཕུག་ཏུ་དཀོན་མཆོག་སྤྱི་འདུས། དྲག་དམར། མི་འཁྲུགས་པ་སོགས་ཀྱི་བསྙེན་པ་བསྐྱལ། མོན་བོད་མཚམས་ཀྱི་གངས་མགུལ་དུ་དཀའ་ཐུབ་བཅུད་ལེན་ལ་བརྟེན་ནས་བསྙེན་སྒྲུབ་ལོ་མང་མཛད་པས། བླ་མའི་བྱིན་རླབས་དང་སློབ་མའི་མོས་གུས་ལས་མཁས་གྲུབ་གཉིས་ལྡན་དུ་གྱུར། སྔ་རྗེས་སུ་ཀ་ཎི་ཀའི་གཙུག་ལག་ཁང་དང༌། སྟག་སྣའི་འདུ་ཁང༌། གར་ཞའི་འདུ་ཁང་གི་ལྡེབས་བྲིས་ཕྱག་ཤུལ་རྣམས་དེང་སང་ཡང་མཇལ་རྒྱུ་ཡོད། རྫོང་ཁུལ་དགོན་པར་སྐུ་གསུང་ཐུགས་རྟེན་དང་གསུང་རབ་ཀྱི་པར་ཤིང་བཞེངས་ཤིང༌། དགེ་འདུན་གྱི་སྡེ་ཡང་བཙུགས། དེ་དག་ལ་འབྲུག་ལུགས་དཀྱིལ་ཆོག་གར་ཐིག་དབྱངས་རོལ་སོགས་བསླབས་ཏེ་དགོན་གནས་ཡར་རྒྱས་བཏང༌། རིག་གནས་ལ་དགའ་བ་རྣམས་ལ་དག་ཡིག་ཟ་མ་ཏོག་སོགས་སྙན་ངག་སྡེབ་སྦྱོར་ལྷ་བྲིས་ཡིག་རིགས་རྣམས་བསྟན་པ་དང༌། གདུལ་བྱ་སྐལ་བཟང་རྣམས་ནི་ངེས་དོན་ཕྱག་རྒྱ་ཆེན་པོ་དང་ཟབ་ལམ་ནཱ་རོ་ཆོས་དྲུག་སོགས་གདམས་པས་སྨིན་གྲོལ་ལ་བཀོད་དེ་རྒྱལ་བསྟན་རྒྱས་པར་མཛད། སློབ་མ་ཐུ་བོ་སྟག་སྣ་སྐུ་ཕྲེང་དང་པོ་ཡིན། གཞན་ནི་ནོ་ནོ་དཔལ་གྲུབ་སོགས་སྒྲུབ་པ་ཕོ་མོ་མང་། གྲུབ་ཆེན་ངག་དབང་ཚེ་རིང་དང༌། གྲུབ་སྲས་བཞད་པ་རྡོ་རྗེ། ཐུགས་སྲས་བྱ་བཏང་ཀརྨ་བསྟན་འཛིན་གསུམ་ལ་ཟངས་དཀར་བླ་མ་རྣམ་གསུམ་ཞེས་གྲགས། གསུང་རྩོམ་ཡང་ང་བདུན་ལོར་བརྩམས་པའི་ཡབ་རྗེ་འཁྲུལ་ཞིག་ངག་དབང་ཚེ་རིང་གི་རྣམ་ཐར་ཡིད་ཀྱི་བཅུད་ལེན་དང༌། གཞན་ཡང་ཉམས་མགུར། ཞལ་གདམས། འཕྲིན་ཡིག ། ཆོས་གཞས་སོགས་ད་ལྟར་པོད་གཅིག་ལྷག་བཞུགས། དེ་ནས་བདུན་ཅུ་ཐམ་པ་ལྕགས་བྱི་ ༡༧༨༠ ལོར་ཞི་བར་གཤེགས་སོ། །

{{#arraymap:ཟངས་དཀར་གྲུབ་སྲས་བཞད་པ་རྡོ་རྗེ་

|; |@@@ | | }}