61430

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟངས་དཀར་ཨ་ཏིང་གྲུབ་ཆེན་ངག་དབང་ཚེ་རིང་ (1)
Part of speech མིང་ཚིག
Definition ཟངས་དཀར་ཨ་ཏིང་ཡུལ་དུ། ཡབ་ངག་དབང་དཔལ་བཟང་དང༌། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གཅིག་པའི་མེ་བྱ་ ༡༦༥༧ ལོར་འཁྲུངས། མངལ་གྱི་སྐབས་ནས་གྲུབ་ཆེན་དཔག་བསམ་ཡེ་ཤེས་ཀྱིས་སེམས་ཅན་ལ་ཕན་ཐོགས་ཡོང་བར་ལུང་བསྟན། ཡུམ་གྱིས་མཚན་ངག་དབང་ཚེ་རིང་བཏགས། ཆུང་ངུ་ནས་ཆོས་ཀྱི་ལད་མོ་བྱེད་པ་ཞིག་བྱུང༌། བརྒྱད་པར་ཡུམ་གྲོངས་ནས་མ་ཡར་མས་རྒྱུན་དུ་སྡང་པོ་བྱས་པས། དམ་པའི་ཆོས་དྲན་པའི་སྐུལ་མར་སོང༌། བཅུ་ལ་ཀློག་བྱང་བར་མཁྱེན་ཏེ། རྟག་ངུའི་རྣམ་ཐར་མཇལ་སྐབས་དད་པས་མཆི་མ་ཤོར་བ་ཙམ་གྱི་གོ་བ་བཟང་པོ་སྐྱེས། སྒྲུབ་ཆེན་དཔག་བསམ་དགེ་འདུན་ལ་གཙུག་ཕུད་ཕུལ་ནས་མཚན་ངག་དབང་ཆོས་རྒྱལ་དུ་གནང༌། བཅུ་གསུམ་ལ་འབར་གདན་དགོན་པར་ཚོགས་སྒྲིགས་སུ་ཞུགས། བཅུ་དགུར་ལ་དྭགས་ཧེ་མི་དགོན་དུ་བླ་མ་གཟིམས་དཔོན་གྱི་མདུན་ནས། དགེ་ཚུལ་སློང་གི་སྡོམ་པ་དང༌། བཀའ་འགྱུར་སོགས་ལྗགས་ལུང་མང་པོ་ཞུས། ཟངས་དཀར་དུ་ཕེབས་རྗེས། བྲག་དཀར་དུ། ཨ་པ་དཔལ་ལྡེའི་མཆོད་གནས་སུ། ལོ་གསུམ་བཞུགས། རང་རིག་རས་ཆེན་འབར་གདན་དུ་ཕེབས་པ་ཐོག་མར་མཇལ་ཏེ། དད་པའི་བ་སྤུ་ལྡང་ཞིང༌། འདི་ནི་སློབ་དཔོན་པདྨའམ་མི་ལ་རས་ཆེན་དངོས་ཡིན་སྙམ་པའི་དགའ་སྤྲོ་བྱུང༌། ལམ་ཟབ་བླ་མའི་རྣལ་འབྱོར། ཤེར་སྙིང་འགྲེལ་བཤད། གཏོར་མའི་དེ་ཉིད་རྒྱས་པ། བཀའ་བརྒྱུད་གོང་མའི་གསུང་འབུམ་མང་པོའི་ལུང་དང་ཕྱག་ཆེན་གྱི་ཁྲིད་རིམ་སོགས་ཚོགས་ཆོས་སུ་གསན་ཞིང༌། ལྐོག་ཏུ་སེམས་རྒྱུགས་ཡང་ཡང་ཕུལ་བས། གནས་ལུགས་ཀྱི་བརྡ་འཕྲོད་ཅིང་། ལྟ་སྒོམ་སྤྱོད་འབྲས་བློ་ལ་ཤར། སྒྲུབ་ཆེན་དཔག་བསམ་དར་རྒྱས་ལས། ཕྱག་ཆེན་དང༌། ཆོས་དྲུག་གི་ཁྲིད་གསན་ནས། དགུན་དང་པོར་རས་ཕུད་ཕུལ་བས། དྲོད་རྟགས་སྐྱེས་པའི་དཔེར་ཐོན། ཉེར་དྲུག་པར་མོན་གྱིས་དགོན་པ་གཏོར་བས། བྱ་བཏང་ལ་བྱོན། རྡེའུ་བཅུད་ལེན་ཡུན་རིང་ཙམ་བཞུགས། གྲོགས་འཕགས་པ་བཅས་ཨ་ཙ་རའི་ཆས་ལྟ་བུར་ལུས་གཅེར་བུ་ལ་ཐལ་ཆེན་བྱུགས། སློང་སྣོད་ཀུ་བ་ཞིག་བསྣམས་ནས་པ་དར། སྤང་དགེ། གར་ཞའི་གནས་སོགས་ངེས་མེད་དུ་བྱོན། ལམ་དུ་བུད་མེད་ཤི་འདྲེར་གྱུར་པ་དམ་ལ་བཏགས་ནས་མི་ཀུན་དད་ཅིང་ཐུགས་དམ་ཡང་འཕེལ། ཛ་ལན་དྷ་ར་སོགས་གནས་ཡུལ་མང་པོར་གསང་སྤྱོད་མཛད། གར་ཞ་ནས་རྫོང་ཁུལ་ནཱ་རོའི་སྒྲུབ་ཕུག་ཏུ་བཞུགས། ཞེ་བརྒྱད་པ་ཤིང་སྤྲེལ་ ༡༧༠༤ ལོར་སྔར་གྱི་སྒྲུབ་ཕུག་དེ་རྒྱ་ཆེར་བཏང་ནས་གཙུག་ལག་ཁང་དང༌། སྐུ་གསུང་ཐུགས་རྟེན་དང་པར་ཤིང་བཅས་ལེགས་པར་གྲུབ། བུ་སློབ་རྣམས་ལ་འབྲུག་ལུགས་ཀྱི་ཟབ་ཁྲིད་དབང་ལུང་རྒྱ་ཆེར་སྤེལ་བས། ཟངས་དཀར་སྐྱབས་མགོན་ཞེས་ཀྱང་བྲི་སྲོལ་སྣང༌། དོན་དྲུག་པ་ཤིང་སྟག་ ༡༧༣༤ ལོའི་ཟླ་བ་དང་པོའི་ཚེས་གཅིག་ལ་གཤེགས་སོ། །རྣམ་ཐར་དང་མགུར་འབུམ་སྐོར་པོད་གཉིས་ཙམ་ད་ལྟར་བཞུགས། སློབ་མ་ནི་གདུང་སྲས་ཀུན་བཟང་རྡོ་རྗེ། མ་ཎི་བ་འཛམ་གླིང་ཆོས་གྲགས། ཀརྨ་ལྷུན་གྲུབ། འབར་གདན་སློབ་དཔོན་སེང་རྡོར་སོགས་མང་དུ་བྱུང་། མཆོག་ཏུ་གྱུར་པ་ནི་བླ་མ་རང་གི་སྲས་བཞད་པ་རྡོ་རྗེ་ཡིན་ནོ། །

{{#arraymap:ཟངས་དཀར་ཨ་ཏིང་གྲུབ་ཆེན་ངག་དབང་ཚེ་རིང་

|; |@@@ | | }}