61611

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟབ་ལམ་ནི་གུ་ཆོས་དྲུག་ (1)
Part of speech མིང་ཚིག
Definition ༡ ཐབས་ལམ་བདེ་དྲོད་རང་འབར་ནི། འདི་ལ་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ཡོད། སྤྱིར་གཏུམ་མོ་ནི་རང་ཉིད་ལྷ་སྐུར་གསལ་བའི་ལུས་ནང་ལ་སེམས་གཏད་པས་ནང་ཤ་ཁྲག་རུས་གསུམ་སོགས་གང་ཡང་མེད་པ་སྟོང་སང་ངེ་བ་དེ་ལྟེ་བའི་རྩ་འཁོར་ལ་གནད་དུ་སྣུན་པས་བདེ་དྲོད་ཡེ་ཤེས་རྒྱུད་ལ་འདྲེན་པར་བྱེད་པའི་ཤེས་རབ་ཡེ་ཤེས་ཨ་ཐུང་མེ་ཡི་རྣམ་པ་ཅན་ཞིག་སྟེ། ངོ་བོ་ཐིག་ལེ། རྣམ་པ་མེ། ཁ་དོག་དམར་བ། རིག་བྱ་ཚ་བ་སྟེ་མཚན་ཉིད་བཞི་དང་ལྡན་པའི་སྤང་བྱ་སྤོང་བ་དང་གཉེན་པོ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེད་པའི་ཐབས་ལམ་ཁྱད་པར་བ་ཞིག་ལ་ཟེར། ། ༢ སྒྱུ་ལུས་ཆགས་སྡང་རང་གྲོལ། སྒྱུ་ལུས་ཆགས་སྡང་རང་གྲོལ་ནི་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་སོགས་ཀྱི་དག་དང་མ་དག་པའི་ཆོས་སྒྱུ་མར་སྦྱངས་ནས་ཆགས་སྡང་རང་སར་གྲོལ་བར་བྱེད་པའི་མན་ངག་སྤང་བྱ་སྤོང་བར་བྱེད་པ་དང་གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཐབས་ལམ་ཁྱད་པར་ཅན་ཞིག་ལ་ཟེར། དེ་ལ་དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ། ཐ་མ་གནས་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པ་ཞིག་དགོས། ༣ རྨི་ལམ་ཉིན་འཁྲུལ་རང་དག། དུས་གནད་གཉིད་ཀྱི་དུས་སུ། ཡུལ་གནད་མགྲིན་པའི་རྩ་འཁོར་ལ་དམིགས་ནས་ཉིན་འཁྲུལ་རྨི་ལམ་སྤྲུལ་སྦྱངས་སྒྱུར་གསུམ་སོགས་ལ་བརྟེན་ནས་རྨི་ལམ་གྱི་སྣང་བ་བདེན་མེད་སྒྱུ་མར་སྦྱངས་ནས་འོད་གསལ་ཟུང་འཇུག་ཏུ་འཕོ་བའི་གདམས་ངག་ཞིག་ལ་ཟེར། ༤ འོད་གསལ་གཏི་མུག་རང་སངས། འོད་གསལ་གཏི་མུག་རང་སངས་ནི་དུས་གནད་གཉིད་དང་ཉིན་པར་གཉིས་ཀར། ཡུལ་གནད་སྙིང་ཀ་ཆོས་ཀྱི་འཁོར་ལོའི་རྩ་འཁོར་ལ་དམིགས་ནས་ཉིན་པར་སྣང་བ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་སྣང་ལ་རང་བཞིན་མེད་པ་གསལ་སྟོང་ཟུང་འཇུག་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་འཇོག་ཅིང་མཚན་མོར་གཉིད་མཐུག་བདེ་སྟོང་དང་གསལ་སྟོང་འདྲེས་མའི་ངང་ལ་མཉམ་པར་འཇོག་པའི་གདམས་ངག་ཁྱད་པར་ཅན་ཞིག་ལ་ཟེར། ༥ འཕོ་བ་མ་སྒོམ་སངས་རྒྱས་ནི། རབ་འོད་གསལ་ལ་འཕོ་བ། འབྲིང་སྒྱུ་ལུས་ལ་འཕོ་བ། ཐ་མ་ལྷ་སྐུ་ལ་འཕོ་བ་སྟེ་དུས་ཡུན་རིང་པོར་སྒོམ་མི་དགོས་པའི་འཕོ་བའི་ཐབས་ལམ་ཁྱད་པར་ཅན་ལ་བརྟེན་ནས་མྱུར་བར་ཡེ་ཤེས་འཆར་ཐུབ་པའི་ལམ་ཁྱད་པར་ཅན་ཞིག་ལ་ཟེར། ༦ བར་དོ་རྒྱལ་བ་ལོངས་སྐུ། བར་དོ་རྒྱལ་བ་ལོངས་སྐུ་ནི་འཆི་བ་ཆོས་སྐུ་ལམ་ཁྱེར། བར་དོ་ལོངས་སྐུ་ལམ་ཁྱེར། སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་ཏེ་ལམ་ཁྱེར་གསུམ་ལ་བརྟེན་ནས། རབ་འཆི་བ་འོད་གསལ་ངོས་ཟིན་པ། འབྲིང་བར་དོ་སྒྱུ་ལུས་ལྷ་སྐུ་རུ་རྩལ་སྦྱངས་བ། ཐ་མ་མངལ་གྱི་སྒོ་འགག་ཅིང་འོད་གསལ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་འགྱུར་བར་བྱེད་པའི་མན་ངག་ཁྱད་པར་ཅན་ཞིག་ཡིན།
Domain ཆོས་ལུགས།

{{#arraymap:ཟབ་ལམ་ནི་གུ་ཆོས་དྲུག་

|; |@@@ | | }}