61629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟམ་ཚ་གསེར་ཁྲི་སྐུ་ཕྲེང་དང་པོ་ཁྲི་ཆེན་ངག་དབང་ནམ་མཁའ་བཟང་པོ་ (1)
Part of speech མིང་ཚིག
Definition དམ་པ་ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་རྟ་ཕྱི་ལོ་ ༡༦༩༠ ( རབ་བྱུང་བཅུ་གཅིག་པའི་ཤིང་གླང་ཕྱི་ལོ་ ༡༦༨༥ ཟེར་བའང་སྣང། ) ལོར་མདོ་སྨད་ཟམ་ཚ་རྨོག་རིའི་ལྡན་ཐང་ཞེས་པར། ཡབ་དཀོན་མཆོག་སྐྱབས་དང་ཡུམ་ཀླུ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། འདུལ་བའི་མཛོད་འཛིན་ཉང་ཚང་ཆེན་པོ་ལས་དགེ་བསྙེན། རབ་བྱུང། དགེ་ཚུལ་གྱི་བསླབ་ཁྲིམས་དཀྱུས་གཅིག་ཏུ་མནོས། འཕགས་དགེ་བླ་མས་དགའ་ལྡན་གསེར་ཁྲི་མ་ཐོབ་པར་ཕྱིར་མ་ཡོང་ཞེས་སོགས་གསུངས་ནས་དབུས་གཙང་དུ་འགྲོ་བར་བསྐུལ་བ་བཞིན་རྗེས་སོར་དགའ་ལྡན་གསེར་ཁྲིར་ཕེབས་པ་ཁྲི་རྒྱལ་མཚན་སེང་གེ་དང་ཆབས་ཅིག་དབུས་སུ་ཕེབས། དཔལ་ལྡན་འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་མཁས་དབང་དཔལ་ལྡན་གྲགས་པ་སོགས་སློབ་དཔོན་དུ་བསྟེན་ནས་གསན་བསམ་སློབ་གཉེར་མཐར་ཕྱིན་པར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང། དགུང་ལོ་སོ་བདུན་བཞེས་པའི་ཚེ་ལྷ་ལྡན་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས། རྒྱུད་སྟོད་དུ་སྔགས་ལ་སྦྱངས་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་རྒྱུད་སྟོད་མཁན་ཁྲི་དང་ཤར་རྩེ་ཆོས་རྗེར་ཕེབས། དགུང་ལོ་ང་དྲུག་བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་སྟག་ཕྱི་ལོ་ ༡༧༤༦ ལོར་དགའ་ལྡན་གསེར་ཁྲི་ང་ལྔ་བར་ཕེབས། སྐབས་དེའི་སྲིད་སྐྱོང་ཝང་ད་ལེ་པཱ་ཐུར་གྱིས་ཁོ་རང་གི་སྤུན་མངའ་རིས་གུང་འགྱུར་མེད་ཚེ་བརྟན་ལ་དྲག་པོའི་ལས་སྦྱོར་མཛད་དེ་ཐལ་བར་བརླགས་དགོས་ལུགས་ཀྱི་བཀའ་རྒྱ་གནང་བར། རྗེ་འདིས་ངེད་དགའ་ལྡན་ཁྲི་བས་མི་གསོད་མི་ཐུབ་ཅེས་ཞལ་བཞེས་མ་མཛད་པའི་རྐྱེན་གྱིས་སྲིད་སྐྱོང་ཁྲོས་ཏེ་གསེར་ཁྲི་ཤར་ཆོས་བློ་བཟང་དྲི་མེད་ལ་གཏད་དེ་ཚ་ལེན་བྱས་པར། ཞབས་གྲས་རྣམས་ཀྱིས་བསྟན་པ་ལ་དགྲ་བྱུང་ན་སངས་རྒྱས་ལ་ར་མདའ་ཟེར་བ་ལྟར། སྲིད་སྐྱོང་ཝང་དྲག་པོའི་ལས་སྦྱོར་གྱིས་བསྒྲལ་དགོས་ལུགས་ཞུས་པར་ངེད་མི་ཕམ་ཆོས་ཀྱི་རྒྱལ་པོ་དང་ཡབ་རྗེ་བློ་བཟང་གྲགས་པའི་དྲུང་དུ་ཆོས་གོས་རྣམ་གསུམ་དང་བཅས་ཏེ་འགྲོ་བ་ཡིན་པས་ཁྱོད་ཚོས་དེ་སྐད་མ་ཟེར་གསུངས་ནས་ཞལ་བཞེས་མ་མཛད། ཁྲིར་ཕེབས་ནས་ལོ་ལྔ་སོང་བ་དགུང་ལོ་རེ་གཅིག་བཞེས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་ཕྱི་ལོ་༡༧༥༠ ལོར། དགེ་འདུན་རྣམས་ལ་གསུང་ཆོས་དང་ཐུགས་སྨོན་གྱིས་མཚམས་སྦྱོར་མཛད་དེ་ངོས་དགའ་ལྡན་གསེར་ཁྲིར་འཁོད་དེ་རྗེ་ཙོང་ཁ་བའི་བསྟན་པ་ལ་བྱ་བ་གང་བྱས་དམ་ཅན་ཆོས་རྒྱལ་ཁྱེད་རང་དཔང་པོ་ཡིན་ནོ་གསུངས་ཤིང། ཆོས་གོས་རྣམ་གསུམ་དང་དབུ་པཎ་སྣེ་རིང་བཞེས་ཏེ་དགའ་ལྡན་ལྷ་བརྒྱ་མ་ཚར་གཅིག་གསུངས། དེ་ནས་ད་ང་མི་ཕམ་ཆོས་ཀྱི་མདུན་སར་འགྲོ་ངེས་ཡིན་ཞེས་གསུངས་ཏེ་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན་ཏོ། །

{{#arraymap:ཟམ་ཚ་གསེར་ཁྲི་སྐུ་ཕྲེང་དང་པོ་ཁྲི་ཆེན་ངག་དབང་ནམ་མཁའ་བཟང་པོ་

|; |@@@ | | }}