63098

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་ཞིག་ཁྲི་འཛིན་གསུམ་པ་ས་སྤྲུལ་སྐུ་ཕྲེང་དྲུག་པ་རིག་འཛིན་ཆོས་རྒྱལ་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition ཡབ་ནང་ཆེན་རྒྱལ་སྲས་བསྟན་པའི་དབང་ཕྱུག་དང༌། ཡུམ་འབྲོང་པ་དཔོན་གྱི་སྲས་མོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ནང་ཙམ་དུ་འཁྲུངས། འབྲུག་ཡོངས་འཛིན་ཤེས་བྱ་ཀུན་མཁྱེན་གྱིས་འཁྲུལ་ཞིག་ས་སྤྲུལ་དུ་ངོས་འཛིན་གནང༌། སྐུ་ན་ཕྲ་བའི་སྐབས་ནས་མཁྱེན་ཡོན་གྱི་རྩལ་རྫོགས། ཁྱད་པར་རྒྱུད་སྡེ་གོང་འོག་གི་དཀྱིལ་ཆོག་དང་ལས་རབ་འབྱམས་ཀྱི་ཕྱག་ལེན་ལ་བྱང་ཆུབ། བསླབ་ལ་གུས་པའི་མཛད་སྤྱོད་ཤིན་ཏུ་གཙང༌། ཆོས་མགོན་བཤད་སྒྲུབ་ཆོས་ཀྱི་ཉིན་བྱེད་དང༌། འཁྲུལ་ཞིག་ཨ་ལྡེའུ་སྐུ་ཕྲེང་བདུན་པ། བྱམས་མེ་ལྷ་མཆོག་ཆོས་དཔལ་རྒྱ་མཚོ། གཏེར་སྲས་ཚེ་དབང་ནོར་བུ། གྲུབ་ཆེན་ངག་དབང་ཚོགས་གཉིས་སོགས་ཚད་མའི་སྐྱེས་ཆེན་མཁས་གྲུབ་མང་པོ་ལས་གསར་རྙིང་གི་གདམས་ངག་བདུད་རྩིའི་བང་མཛོད་ཀྱིས་ཐུགས་རྒྱུད་ཡོངས་སུ་གཏམས་པས་གྲུབ་པའི་མཚན་མ་ཅིའང་བརྙེས་ཤིང༌། ཁྱད་པར་ཟབ་ལམ་འཕོ་བའི་བཀའ་བབ་པས་འཕོ་བ་གང་བཏབ་ལ་སྐྲ་རྟགས་མེད་པ་ཡེ་མི་སྲིད། བསྟན་སྲུང་ཇག་པ་མེ་ལེན་མི་ཡི་ཟོལ་དུ་རྒྱུན་གྱི་ཉེ་གནས་དང་ཞབས་འབྲིང་བྱེད་པ་ཀུན་གྱིས་མཐུན་གྲུབ་ཏུ་མཐོང༌། གསེར་ཁང་ཆེན་མོ་རྟེན་དང་བརྟེན་པར་བཅས་པ་བཞེངས། གཙུག་ལག་ཁང་ཆེན་མོ་ཉམས་གསོས་དཔེར་འོས་གནང༌། བཀའ་འགྱུར་ཆེན་མོ་གཙོས་རིས་མེད་ཀྱི་གསུང་རབ་མང་པོ་བཞུགས་པའི་དཔེ་མཛོད་ཆེན་མོ་བཞེངས། ཙ་གངས་གཙོས་པའི་གནས་ཆེན་གནས་ཕྲན་མང་པོ་ཞབས་ཀྱིས་བཅགས་ཤིང༌། རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ་དང་ལྷན་རྒྱས་ཀྱིས་རྒྱབ་རི་གསར་མ་ཡང་རྫོང་ཙ་རིའི་གནས་ཚབ་ཏུ་གནས་སྒོ་འབྱེད་པ་སོགས་བསྟན་འགྲོར་སྨན་པའི་རྟེན་འབྲེལ་གྱི་ཕྲིན་ལས་མང་པོ་གནང༌། འབྲུག་པའི་ཐུགས་དམ་ལྷ་དགུ་དང་གདམས་ངག་བཀའ་རྒྱ་ཅན་ལྔ་སོགས་གཙོས་པའི་དབང་ལུང་དང་བསྐྱེད་རྫོགས་ཀྱི་ཁྲིད་སོགས་སློབ་ཚོགས་རྣམས་ལ་རྒྱུན་དུ་སྩལ་ཅིང༌། ཆོས་མགོན་བརྒྱད་པ་དང༌། ཁམས་སྤྲུལ་བརྒྱད་པ། འཁྲུལ་ཞིག་བརྒྱད་པ། ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ། ནང་ཆེན་རྒྱལ་པོ་སྐུ་མཆེད་སོགས་ཀྱིས་བླ་མར་བཀུར་བ་དང༌། དགེ་བ་རྣམ་རོལ་དང༌། རྒྱལ་ཚང་རྟོགས་ལྡན། ཡེ་ཤེས་རྣམ་རྒྱལ་སོགས་ཀྱིས་གཙོས་པའི་སློབ་ཚོགས་ཀྱང་བཟང་ལ་མང་བར་བྱོན་པ་སོགས་ཀྱིས་དཔལ་ལྡན་འབྲུག་པའི་བསྟན་འཛིན་ཆེན་པོར་བཞུགས། དགུང་ལོ་རེ་དྲུག་ཙམ་ལ་གདན་ས་རང་དུ་ངོ་མཚར་བའི་ལྟས་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། །འཁྲུལ་ཞིག་ཕུན་ཚོགས་བདེ་ཆེན་གླིང་གི་བླ་མ་རིགས་གསུམ་རྣམ་འཕྲུལ་དུ་གྲགས་པ་ལས་རྗེ་འདི་ནི། སྤྲུལ་གཞི་གསང་བདག་ཕྱག་ན་རྡོ་རྗེ་ཡིན་པར་སྐྱེས་ཆེན་དུ་མས་བསྔགས་སོ། །

{{#arraymap:འཁྲུལ་ཞིག་ཁྲི་འཛིན་གསུམ་པ་ས་སྤྲུལ་སྐུ་ཕྲེང་དྲུག་པ་རིག་འཛིན་ཆོས་རྒྱལ་བསྟན་པའི་ཉི་མ་

|; |@@@ | | }}