63106

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་ཞིག་ཁྲི་འཛིན་དང་པོ་སྐུ་ཕྲེང་བརྒྱད་པ་ངག་དབང་ཚུལ་ཁྲིམས་བསྟན་འཛིན་ (1)
Part of speech མིང་ཚིག
Definition འཁྲུལ་ཞིག་བརྒྱད་པ་གྲུབ་རིགས་ཁྱུ་མཆོག་ཨ་ལྡེའུ་རིན་པོ་ཆེ་ངག་དབང་ཚུལ་ཁྲིམས་བསྟན་འཛིན་མཆོག་ནི། ཁམས་ནང་ཆེན་ལྕི་ཆུའི་འགྲམ། ཨཱ་ཧཱུཾ་ཤོག་སྐེད་མདའ་ཁ་ཞེས་པར། ཡབ་སྐྱ་ལ་ཐབས་མཁས་དང༌། ཡུམ་ཨ་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ལྕགས་རྟ ༡༩༣༠ ལོར་འཁྲུངས། དགུང་གྲངས་བདུན་པར་ཀརྨ་པ་རིག་པའི་རྡོ་རྗེ་དང༌། མཐུ་ཆེན་བརྒྱད་པ་རྣམ་གཉིས་དགོངས་བརྟག་གཅིག་མཐུན་གྱིས་འཁྲུལ་ཞིག་བདུན་པའི་སྤྲུལ་སྐུར་ངོས་འཛིན་གནང༌། འབྲུག་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་དུ་གསེར་ཁྲིར་བཀོད། རྒྱལ་དབང་ཀརྨ་པའི་མདུན་དུ་གཙུག་ཕུད་ཕུལ། དགུ་པ་ལ་ཆོས་མགོན་བརྒྱད་པའི་དྲུང་དུ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཞུས། མཚན་དཔལ་ལྡན་ཕྲིན་ལས་ངག་དབང་བློ་བཟང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་ཀུན་བཟང་ཆོས་རྒྱལ་དཔལ་བཟང་པོའི་སྡེར་གསོལ། གདན་ས་དེ་ཉིད་དུ་རྗེ་དེ་ལས། ཁམས་སྤྲུལ་བརྒྱད་པ་དང་ལྷན་དུ། དཔལ་ལྡན་འབྲུག་པའི་སྨིན་གྲོལ་རྒྱ་མཚོ་ཙམ་བཞེས། གད་ཆགས་སྐུ་ཕྲེང་གཉིས་པ་དང༌། ནང་ཆེན་མཁན་རྣམ་རྒྱལ་བཟང་པོ་སོགས་ཡོངས་འཛིན་དུ་བསྟེན་ཏེ། རིག་པའི་གནས་མ་ལུས་པ་ཐུགས་སུ་ཆུད་དེ་མཁས་པར་གྱུར། བཅོ་ལྔ་ཙམ་ནས་གཞུང་འགྲེལ་དུ་མ་རྩོམ་ནུས་པའི་མཁྱེན་རབ་རྒྱས། བཅུ་དྲུག་ནས་གྲུབ་དབང་ཚོགས་གཉིས་སོགས་ལས། ཤཱཀྱ་ཤྲཱི་ནས་བརྒྱུད་པའི་གདམས་ངག་བཀའ་རྒྱ་ཅན་ལྔ་པོ་ཕྱག་བཞེས་དམར་ཁྲིད་དུ་གསན། སྒྲུབ་སྡེར་ལོ་གསུམ་གྱི་བཅད་རྒྱར་བཞུགས། ཉི་ཤུ་པར་ངོར་ཨེ་ཝཾ་ཁང་གསར་མཁན་རིན་པོ་ཆེ་ལས་བསྙེན་པར་རྫོགས་པ་དང་ས་ལུགས་ཀྱི་དབང་ལུང་ཟབ་ཁྲིད་དུ་མ་གསན། ཉེར་གསུམ་ནས་ལོ་དུ་མར་སྒྲུབ་ཁང་དུ་བཅད་རྒྱ་མཛད་དེ་གསར་རྙིང་ཡི་དམ་མང་པོའི་ལྗགས་བསྙེན་དང༌། ཞར་དུའང་བསྟན་འགྲོའི་དོན་ཅི་རིགས་མཛད། ཉེར་དགུའི་ས་ཕག་ལོར་རྒྱ་དམར་གྱི་དུས་ཟིང་གིས་འཛིན་བཟུང་བྱས་ནས། ཟི་ལིང་བཙོན་ཁང་དུ་ཞེ་ལྔའི་བར། སྐུ་ཚེགས་བཟོད་ཐབས་བྲལ་བར་བཞུགས་དགོས་བྱུང༌། བཙོན་ཁང་ནང་མཁན་མུན་སེལ་དང་ལོ་བདུན་མཉམ་བཞུགས་བྱུང་ནས། མཚན་མོར་ཟབ་ཆོས་མང་པོ་ཐུགས་ཐོག་ནས་གསན། ཐུགས་སྒྲུབ་བདེ་ཆེན་གསང་མཆོག་རོལ་པ་སོགས་དགོངས་གཏེར་དུ་མ་བབ། དག་ཡིག་རྩ་འགྲེལ་སོགས་བསྟན་བཅོས་མང་པོ་ཐུགས་ཐོག་ནས་བརྩམས། ཞེ་བདུན་པར་བཙོན་ནས་གུ་ཡངས་ཅུང་བྱུང་སྐབས། ཟི་ལིང་རྩོམ་སྒྱུར་ཁང་དུ་དགེ་རྒན་གྱི་ཁུར་བཞེས་ཏེ། རྩོམ་སྒྱུར་མི་སྣ་མང་པོར་སུམ་རྟགས་དག་གསུམ་སོགས་བཀའ་ཁྲིད་གནང༌། ང་གསུམ་པ་ཆུ་ཁྱི ༡༩༨༢ ལོར་དགོན་པ་སླར་གསོ་དང་། བོད་རྒྱ་གར་བལ་ཡུལ་འབྲུག་འབྲས་ལྗོངས་རྣམས་སུ་ཕེབས་ཤིང༌། གནས་གཟིགས་དང་འབྲེལ་འབྲུག་པའི་སྐྱེས་ཆེན་མང་པོར། སྨིན་གྲོལ་ཟབ་མོས་རྗེས་སུ་བཟུང༌། ཡང་དར་འབྲུག་པའི་བསྟན་པ་ཡོངས་ཀྱི་གཙུག་རྒྱན་གྱུར། དགུང་གྲངས་དོན་བརྒྱད་པ་མེ་ཕག་ ༢༠༠༧ ལོའི་བོད་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། གཟུགས་སྐུ་བསྡུས། གསུང་འབུམ་པོད་བཅོ་ལྔ་དང༌། ཕྱོགས་བསྒྲིགས་འབྲུག་ལུགས་གཙོ་བོར་གྱུར་པའི་ཆོས་མཛོད་ཆེན་མོ་དང༌། ཞལ་སློབ་ནི། རྒྱ་བལ་འབྲུག་གསུམ་དང༌། བོད་ཡུལ་སྟོད་སྨད་ཀྱི་དཔལ་ལྡན་འབྲུག་པའི་སྐྱེས་ཆེན་ཕལ་ཆེ་བ་རྣམས་ཡིན་ནོ། །

{{#arraymap:འཁྲུལ་ཞིག་ཁྲི་འཛིན་དང་པོ་སྐུ་ཕྲེང་བརྒྱད་པ་ངག་དབང་ཚུལ་ཁྲིམས་བསྟན་འཛིན་

|; |@@@ | | }}