63107

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་ཞིག་ཁྲི་འཛིན་དང་པོ་སྐུ་ཕྲེང་ལྔ་པ་དཔལ་ལྡན་འགྱུར་མེད་ཚེ་དབང་ཕྲིན་ལས་ (1)
Part of speech མིང་ཚིག
Definition འཁྲུལ་ཞིག་སྐུ་ཕྲེང་ལྔ་པ་ནང་ཆེན་སྐྱབས་མགོན་དཔལ་ལྡན་འགྱུར་མེད་ཚེ་དབང་ཕྲིན་ལས་མཆོག་ནི། ནང་ཆེན་རྒྱལ་ཁབ་ཏུ། ཡབ་ནང་ཆེན་རྒྱལ་རབས་ཉེར་ལྔ་པ། བསོད་ནམས་ཆོས་འཕེལ་དང༌། ཡུམ་བྲའུ་བཟའ་ལྷ་མོ་དཔལ་འཛོམས་ཀྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ཆུ་བྱ ༡༨༡༣ ལོར་འཁྲུངས། ཆུང་ངུ་ནས་ཤེས་རབ་ཀྱི་རྩལ་རྒྱས། ཀུན་གྱིས་མཚན་ཨ་ཕོ་བསོད་ནམས་ལྡེའུ་བཙན་དུ་བཏགས་པས། དེ་ཕྱིན་ཨ་ལྡེའུ་རིན་པོ་ཆེ་ཞེས་མཚན་ཆགས། རྒྱལ་དབང་བརྒྱད་པ་དང༌། མདོ་ཁམས་ལྔ་པ་རྣམ་གཉིས་ཀྱིས་དགོངས་བརྟག་གཅིག་མཐུན་གྱི་གོང་མའི་ཡང་སྲིད་དུ་ངོས་བཟུང༌། མཚན་དཔལ་ལྡན་འགྱུར་མེད་ཚེ་དབང་ཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། སྔར་གྱི་གདན་ས་གནང་གྲུབ་པའི་ཞུ་བ་ཡང་ཡང་ཕུལ་ཀྱང༌། མ་ཡུམ་སྐུ་དབང་བཙན་པས་གདན་སར་ཁྲིར་འཁོད་ཙམ་ལས། ཡུན་དུ་བཞུགས་པར་མ་གནང་ཞིང༌། གདན་ས་རྙིང་པར་སྐྱབས་གནས་རིན་པོ་ཆེ་སྐུ་ཕྲེང་བཞི་པ་རྒྱལ་ཚབ་ཏུ་མངའ་གསོལ་ཅིང༌། དགུང་གྲངས་དྲུག་པར་ཡབ་གཞིས་ཀྱིས་མཐུན་རྐྱེན་སྦྱར་ཏེ། ནང་ཆེན་རྒྱལ་པོའི་ཁབ་ཏུ་རབ་བྱུང་བཅུ་བཞི་པའི་ས་སྟག་ ༡༨༡༨ ལོར་འབྲུག་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་གཙུག་ལག་ཁང་དབུ་ཚུགས་ཏེ། དགེ་འདུན་གྱི་སྡེ་རྒྱ་ཆེ་བར་བཙུགས། དགོན་པའི་མཁས་གྲུབ་བསྟན་འཛིན་ཆོས་དབང་ཡོངས་འཛིན་དུ་བསྐོས་ནས། རིག་གནས་དང་དཀྱིལ་ཆོག་ཕྱག་བཞེས་ཕུལ། ཞེ་ཆེན་དབོན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གདན་དྲངས་ནས། མདོ་སྔགས་རིག་གནས་དང་བཅས་པ་གསན་སྦྱང་མཛད་པས། འཁྲུལ་ཞིག་པཎྜི་ཏ་གཉིས་པ་ཞེས་མཚན་སྙན་གྱིས་ཁྱབ། ཀརྨ་པ་བདུད་འདུལ་རྡོ་རྗེ། རྒྱལ་དབང་བརྒྱད་པ། ཡོངས་འཛིན་ལྔ་པ། མདོ་ཁམས་ལྔ་པ་སོགས་དམ་པ་མང་པོར་གསར་རྙིང་བཀའ་གཏེར་གྱི་དབང་ལུང་མན་ངག་གསན་བསམ་སྒོམ་གསུམ་མཛད། ཁམས་སྒར་ནས་རྡོ་རྗེ་སློབ་དཔོན་ཕན་བདེ་མཆོག་གྲུབ་སྤྱན་དྲངས་ཏེ། འདུས་པ་ཡོངས་ལ་འབྲུག་ལུགས་དང་སྨིན་ལུགས་ཀྱི་ཕྱག་བཞེས་ཚད་ལྡན་གྱི་རྒྱུན་སྤེལ། ཐོག་མར་མདོ་ཁམས་ལྔ་པ་དབུ་བཞུགས་ཀྱིས་སྤྲོས་བཅས་ཚེས་བཅུ་ཆེན་མོ་ཚུགས་པས། ཚེས་བཅུ་དགོན་ཞེས་གྲགས། གསུང་རྩོམ་ཡང་རིག་གནས་སྐོར་སོགས་མང་པོ་བཞུགས་ཀྱང། དེང་སང་ཉུང་ཤས་ཙམ་ལས་མེད། ལྕང་སྐྱ་བཞི་པ་དང་ཐུགས་འདྲིས་བྱུང་ནས། གོང་མ་ཆིན་ལུང་གིས་ནོ་མི་ཧན་ཧུ་ཐོག་ཐུ་ཞེས་མཚན་གནས་སོགས་ཕུལ། སློབ་མ། རྒྱལ་དབང་འབྲུག་ཆེན་དགུ་པས་ཀྱང་བཀའ་ཆོས་གསན་པར་རྣམ་ཐར་དུ་གསལ་ཞིང༌། གྲུབ་ཆེན་ངག་དབང་ཚོགས་གཉིས། གཏེར་ཆེན་མཆོག་གླིང༌། རིག་འཛིན་ཆོས་རྒྱལ་རྡོ་རྗེ། བྱམས་མེ་ཆོས་དཔལ་རྒྱ་མཚོ། དིལ་དམར་ངག་དབང་རབ་རྒྱས། སྤས་ངག་དབང་ཆོས་འབྱོར། ཨོ་རྒྱན་ཚངས་དབྱངས་རྒྱ་མཚོ་སོགས་གྲུབ་ཆེན་མང་པོ་བྱོན་ཏོ། །དེང་སང་བྲིས་པའི་རྣམ་ཐར་འགར། སོ་ལྔ་ལ་གཤེགས་པར་བཤད་ཀྱང་གྲུབ་དབང་ཚོགས་གཉིས་ཀྱི་རྣམ་ཐར་ལས། ལྕགས་ཕག་ཆུ་སྟོད་ཟླ་བའི་ཚེས་བཞི་ཆོས་འཁོར་དུས་ཆེན་ལ། གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས། དེ་ལྟར་ན་དགུང་ལོ་སོ་དགུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕག་ ༡༨༥༡ ལོར་སྐུ་གཤེགས་པར་གསལ་ལོ། །

{{#arraymap:འཁྲུལ་ཞིག་ཁྲི་འཛིན་དང་པོ་སྐུ་ཕྲེང་ལྔ་པ་དཔལ་ལྡན་འགྱུར་མེད་ཚེ་དབང་ཕྲིན་ལས་

|; |@@@ | | }}