63371

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོ་ཚུགས་དགོན་ (1)
Part of speech མིང་ཚིག
Definition འགོ་ཚུགས་དགོན་འདི་དེང་གི་གནས་ཡུལ། བོད་དབུས་སྟོད་སྤུ་ཧྲེང་ཡུལ། སྦ་སྒ་གྲོང་རྡལ། གཞོང་པ་གྲོང་ཚོའི་ཁོངས་གཏོགས། མ་ཕམ་གཡུ་མཚོའི་ལྷོ་ནུབ་མཚམས་ཀྱི་རི་ལྡེབས་སུ་ཆགས་ཡོད། སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཚོ་སྐོར་དུ་ཕེབས་སྐབས་སྒྲུབ་ཕུག་འདིར་ཞག་བདུན་བཞུགས་ཤིང་བྱིན་གྱིས་བརླབས། དེ་རྗེས་སྟོད་འབྲུག་བསྟན་པའི་བདག་པོ་རྒྱལ་བ་རྒོད་ཚང་པའི་སྒྲུབ་གནས་མཛད། རྗེ་དེ་ཉིད་མ་ཕམ་གཡུ་མཚོའི་བྱང་ངོས་བྱ་སྐྱིབས་དགོན་ནས་ཕེབས་ཏེ་གནས་འདིར་ཟླ་བ་གསུམ་ཙམ་སྒྲུབ་པ་ཉམས་ལེན་ལ་བཞུགས། སྐབས་དེར། རྗེའི་ཐུགས་ཀློང་དྲི་མ་མེད་པའི་མཁྱེན་པས་གནས་འདི་ཉིད་ནས་མགོ་ཚུགས་ཏེ། སྟོད་ཁུལ་དུ་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཐུབ་པའི་རྟེན་འབྲེལ་དུ་གཟིགས་པས། སྒྲུབ་ཕུག་གི་མཚན་ལའང་མགོ་ཚུགས་ཕུག་ཞེས་གསོལ་བ་དང་། སྒྲུབ་ཕུག་ནང་དུ་སྲ་མཁྲེགས་རྡོ་ལ་བཞག་པའི་སྐུ་རྗེས་དང་། ཞབས་རྗེས་སོགས་དུས་ད་ལྟའང་མི་རྣམས་ཀྱི་དད་རྟེན་དུ་བཞུགས་ཡོད། དེ་ནས་བཟུང་སྟོད་ཁུལ་དུ་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་དར་བས། སྟོད་འབྲུག་གནམ་གྱི་སྐར་ཚོགས་ལྟ་བུ་ཞེས་ཡོངས་སུ་གྲགས་པ་སོགས་ཀྱི་ལོ་རྒྱུས་རྒྱས་པ་གཞན་དུ་གསལ། དེའི་རྗེས་དུས་རབས་བཅུ་དགུའི་པའི་དཀྱིལ་ཙམ་དུ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཞལ་སློབ། སྐྱབས་མགོན་སྦྱིན་པ་ནོར་བུ་མཆོག་ལ། མ་དྲོས་པའི་ཀླུ་རྒྱལ་གྱིས། ཁྱོད་ཀྱི་དགོན་པ་བཞེངས་ས་མ་ཕམ་གཡུ་མཚོའི་ལྷོ་ནུབ་ཏུ་ཡོད་ཅེས་ལུང་བསྟན་མཛད་པ་ལྟར། རྒྱལ་བ་རྒོད་ཚང་པའི་སྒྲུབ་ཕུག་ཡོད་ས་དེར་དགོན་པ་ཕྱག་བཏབ་པ་མ་ཟད། མགོ་འཛུགས་དགོན་པ་ཞེས་སྒྲུབ་ཕུག་གི་མཚན་དགོན་པར་བཏགས་ཏེ། རི་བོ་དགེ་ལུགས་པས་བདག་འཛིན་མཛད་པ་དང་། རིག་གནས་གསར་བརྗེའི་སྔོན་དུ་དགོན་པ་འདི་ཉིད་ལྷ་ས་འབྲས་སྤུངས་བློ་གསལ་གླིང་ནས་འགན་བཞེས་གནང་གི་ཡོད་པ་ཙམ་ལས། བླ་རབས་ཇི་ལྟར་བྱུང་མིན་དང་། བླ་མའི་མཛད་འཕྲིན་སོགས་ཞིབ་ཕྲ་མི་གསལ། རིག་གསར་གྱི་སྔོན་དུ་དགོན་འདིར་གྲྭ་ཚད་བརྒྱད་ཙམ་ཡོད་པར་གྲགས། དུས་རྐྱེན་འོག་འཐོར་བརླགས་སུ་སོང་བ་སོགས་ནི་དགོན་སྡེ་སྤྱི་མཚུངས་ལྟར་རོ། །རང་རེའི་ལྗོངས་སུ་སླར་ཡང་དགོན་སྡེ་ཁག་བསྐྱར་གསོ་ཞུ་བ་དང་ཆབས་ཅིག དགོན་འདི་ཉིད་ཀྱང་སྐྱབས་མགོན་སྦྱིན་པ་ནོར་བུའི་ཡང་སྲིད་དུ་གྲགས་པའི། སྤྲུལ་སྐུ་བློ་བཟང་བསམ་གཏན་རྒྱ་མཚོ་མཆོག་ནས་སླར་གསོ་ཞུས་ཏེ་དེང་སྐབས་བླ་གྲྭ་ལྔ་དྲུག་ཙམ་འཚོགས་ཏེ་རི་བོ་དགེ་ལུགས་པའི་ལུགས་སུ་བསྟན་པ་འཛིན་བཞིན་འདུག་པ་བཅས་སོ། །

{{#arraymap:འགོ་ཚུགས་དགོན་

|; |@@@ | | }}