63477

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ (1)
Part of speech མིང་ཚིག
Definition བོད་ཀྱི་རབ་བྱུང་བདུན་པའི་ཆུ་སྤྲེལ་ཕྱི་ལོ་ ༡༣༩༢ ལོ་ནས་རབ་བྱུང་བརྒྱད་པའི་ལྕགས་གླང་ཕྱི་ལོ་ ༡༤༨༡ ལོ་བར་དགུང་ལོ་དགུ་བཅུ་གོ་གཅིག་བཞུགས། སྐུ་ཚེའི་སྨད་དུ་ཀུན་བཟང་རྩེའི་རི་ཁྲོད་དུ་བཞུགས་པས་ཡེ་བཟང་རྩེ་པ་ཡང་ཞུ། ཁོང་ནི་ལྷོ་ཁ་འཕྱོངས་རྒྱས་ཁུལ་དུ་ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་། ཡུམ་སྲི་ཐར་སྐྱིད་གཉིས་ལ་སྲས་ལྔ་དང་སྲས་མོ་གསུམ་འཁྲུངས་པའི་ནང་གི་སྲས་གསུམ་པ་ཡིན། དགུང་ལོ་དགུ་པར་སྤྱན་གཡས་མཁན་པོ་སངས་རྒྱས་དཔལ་བའི་དྲུང་དུ་རབ་བྱུང་མཛད། ཡོངས་སུ་གྲགས་པའི་བླ་མ་དྲུག་ཅུ་ལྷག་ལ་བསྟེན་ནས་མདོ་སྔགས་རིག་གནས་བཅས་བདག་པོར་གྱུར། དགུང་ལོ་ཞེ་གཉིས་པར་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་ལས་ལོ་ལྔ་ཙམ་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསན་ནས་སྐད་བསྒྱུར་ཡང་ཐོགས་མེད་དུ་མཁྱེན། རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་མ་མྱོང་ཡང་བོད་དུ་བཞུགས་ནས་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། ཁོང་གི་གསུང་རྩོམ་ནི་ཁྱོན་པོད་བཅུ་བཞུགས་པ་ལས་གྲགས་ཆེ་བ་ནི་དུས་འཁོར་རྒྱུད་འགྲེལ་ཆེན་དང་། རྩིས་ཀྱི་བསྟན་བཅོས་འཁྲུལ་སེལ། རྒྱུད་བླ་མའི་འགྲེལ་བཤད་ཆེན་མོ། ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བཤད། དེབ་ཐེར་སྔོན་པོ་བཅས་ཡིན་ཡང་དཔེ་རྒྱུན་ཧ་ཅང་དཀོན། །བསྒྱུར་རྩོམ་ནི་བསྟན་འགྱུར་ལས་བསྟན་པའི་གཏད་རབས་ཆ་མི་ཚང་བ་དང་། དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་རབ་ཏུ་གསལ་བ་བཅས་ཡིན། །ཁོང་གིས་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་པོ་བསྟེན་ནས་རང་རང་སོ་སོའི་ལུགས་ཀྱི་ཆོས་སྐོར་མང་པོ་གསན་བཞེས་གནང་བར་བརྟེན། རྙིང་མ་དང༌། བཀའ་བརྒྱུད། དགེ་ལུགས་བཅས་ཀྱི་ཆོས་འབྱུང་ལོ་རྒྱུས་ཚང་མའི་ནང་རང་རང་གི་ཆོས་ལུགས་འཛིན་པའི་གྲས་སུ་བརྩིས་ནས་རྣམ་ཐར་རྒྱས་བསྡུས་སྣ་ཚོགས་བཀོད་ཡོད། ཁོང་གི་རྣམ་ཐར་ཡང༌། ཉིད་ཀྱི་དངོས་སློབ་སྐྱེས་མཆོག་པས་མཛད་པ་ཁ་བྱང་དུ་རྗེ་བཙུན་ཐམས་ཅད་མཁྱེན་པ་གཞོན་ནུའི་ཞབས་ཀྱི་རྣམ་པར་ཐར་པ་ཞེས་འཁོད་པ་བྲིས་མ་ལ་ཤོག་གྲངས་ ༧༣ ཡོད། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱིས་མཛད་པའི་དུས་འཁོར་ཆོས་འབྱུང་དཔག་བསམ་སྙེ་མ་བྲིས་མ་ཞིག་ཡོད་པ་དེའི་ནང་དུ་ཡང་རྣམ་ཐར་ལོ་རྒྱུས་རྒྱས་ཙམ་འདུག

{{#arraymap:འགོས་ལོ་ཙཱ་བ་གཞོན་ནུ་དཔལ་

|; |@@@ | | }}