63531

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྱུར་མེད་ཚེ་དབང་མཆོག་གྲུབ་ (1)
Part of speech མིང་ཚིག
Definition ཁོང་ནི་དགེ་རྩེ་ཁྲོ་ཤུལ་དཔོན་ཚང་སར་རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ་ལོར་འཁྲུངས། རྫོགས་ཆེན་པ་དབོན་པདྨ་ཀུན་གྲོལ་དང༌། ཀཿཐོག་པ་དྲི་མེད་ཞིང་སྐྱོང་མགོན་པོ་གཉིས་ཞལ་མཐུན་པར་ཀློང་གསལ་སྙིང་པོའི་དབོན་ཚེ་དབང་ཕྲིན་ལས་ཀྱི་སྤྲུལ་སྐུར་ངོས་བཟུང༌། ཀཿཐོག་ཏུ་གདན་དྲངས་ནས་ཁྲི་འབུལ་མངའ་གསོལ་མཛད། སྐུ་ཞལ་རིན་པོ་ཆེ་དང་རྨོག་གྲུབ་ནམ་མཁའ་ཆོས་དབང་སོགས་ལས་ཀཿཐོག་པའི་སྔར་རྒྱུན་བཀའ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་རྫོགས་པར་གསན། མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་སྦྱོང་དང་བསམ་པའི་ཤེས་རབ་ཀྱིས་ནང་ནས་སྒྲོ་འདོགས་བཅད་པས་སྒོམ་པའི་ཤེས་རབ་ཀྱིས་རྩལ་རྫོགས། མཁས་པའི་གྲགས་པ་གངས་ཅན་གྱི་ལྗོངས་འདིར་ཁྱབ་པར་བྱུང༌། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་དང་མཇལ་ནས་དགོངས་ཀློང་གཅིག་ཏུ་འདྲེས། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་དང༌། ལྕང་སྐྱ་རོལ་པའི་རྡོ་རྗེ། རྫོགས་ཆེན་པ་ཨ་ཏི་བསྟན་པའི་རྒྱལ་མཚན་སོགས་གསར་རྙིང་མཁས་གྲུབ་རྣམས་དང་ཕན་ཚུན་ཆོས་སྐྱེས་མང་དུ་གནང༌། ཀཿཐོག་སྔ་རབས་པའི་བཀའ་སྲོལ་མདོ་སྒྱུ་སེམས་གསུམ་གཙོ་བོར་འཆད་སྤེལ་གནང༌། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་དང༌། ཀུན་མཁྱེན་སྔ་ཕྱི་གཉིས་ཀྱི་གསུང་འབུམ་ཚང་མའི་པར་གསར་དུ་བཞེངས་པའི་ཐུགས་ཁུར་དང་ཞུ་དག་བཅས་མཛད། གདན་ས་འདིར་སྔ་འགྱུར་བཀའ་མ་རྣམས་ཀྱི་སྒྲུབ་མཆོད་ཆེན་མོའི་ཕྱག་ལེན་གྱི་རྒྱུན་གསར་དུ་བཙུགས། སྐུ་ཞབས་རིན་པོ་ཆེ་ཞི་བར་གཤེགས་རྗེས་དགོངས་རྫོགས་སུ་ལྷ་ལྡན་དུ་ཕེབས། རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་མདུན་སྦུག་མཇལ་དང་འབྲེལ་འབུལ་ཆེན་བཀྱགས། གཞུང་ས་མཆོག་ནས་བདག་རྐྱེན་གཟིགས་སྐྱོང་ཚད་མེད་གནང༌། ཁྱད་པར་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་ཞབས་ལ་གཏུགས་ནས་གདམས་ངག་གི་ཞིབ་ཞུན་མཐར་བཅད། ཀཿཐོག་པའི་ཁྲི་འཛིན་མཆོག་སྤྲུལ་རྣམས་ངོས་འཛིན་དང་མཚན་གསོལ་བཅས་གནང༌། ཀཿཐོག་པའི་བྱང་ཕྱོགས་ཀྱི་དགོན་ལག་ཐམས་ཅད་ཀྱི་རྩ་བ་ལྟ་བུ་དགེ་རྩེ་བཀྲ་ལེགས་དགོན་གྲྭ་བ་སྟོང་ཡོད་པའི་ཆོས་སྡེ་གསར་དུ་བཏབ་པ་དང༌། གཞན་ཡང་འགུ་ལོག་དང༌། རྒྱལ་རོང༌། ཉག་རོང༌། བཞག་སསར་སོགས་ཀྱི་ཀཿདགོན་རྙིང་པ་རྣམས་ཉམས་གསོ་དང༌། གསར་སྐྲུན་བཅས་གནང༌། སྔ་འགྱུར་རྙིང་མར་བརྒལ་ལན་རྩོད་ཟློག་དྲིས་ལན་སོགས་མང་པོ་མཛད། སོག་པོའི་རྒྱལ་པོ་སོགས་ཁམས་དབུས་ཀྱི་ཆེ་དགུ་ཀུན་གྱིས་ཞབས་ལ་བཏུད། ཀཿཐོག་ཏུ་གཙུག་ལག་ཁང་ཁམས་གསུམ་ཟིལ་གནོན་དང༌། དྲི་མེད་ཞིང་སྐྱོང་གི་སྐུ་གདུང་གངས་རིའི་རྒྱན་གཅིག ཕྱག་ཚ་ངེས་དོན་པའི་སྐུ་གདུང༌། ཀུན་གཟིགས་སྒྲོལ་མའི་ལྷ་ཁང་དང་སོག་པོའི་ལི་མ་ཐུབ་སྐུ་སྟོང་གི་ལྷ་ཁང་སོགས་དང༌། སོག་བླ་འཇམ་དབྱངས་དཀོན་མཆོག་བརྒྱུད་དེ་ལྕང་སྐྱ་རོལ་པའི་རྡོ་རྗེས་དབུ་འདྲེན་ཐོབ་པའི་གུ་རུའི་གོས་ཐང་ཆེན་མོ་འདོམ་བཅོ་ལྔ་པ་སོགས་རྟེན་བཞེངས་ཤིན་ཏུ་རྒྱ་ཆེ། ཞལ་ལས་སྐྱེས་པའི་སློབ་མ་གཙོ་བོ་རྫོགས་ཆེན་སྐུ་ཕྲེང་གསུམ་པ། བྱེ་ཆེན་རབ་འབྱམས་པ་དཔལ་འབྱོར་རྒྱ་མཚོ་དང་རྒྱལ་ཚབ་སྤྲུལ་སྐུ། ཀཿཐོག་སྐུ་ཞབས་རིག་འཛིན་འཇིགས་མེད་མགོན་པོ། སི་ཏུ་ཨོ་རྒྱན་བསམ་འགྲུབ། རྨོག་རྩ་ཆོས་དབྱིངས་རྡོ་རྗེ། རྒྱལ་ཚབ་ཏུ་མངའ་གསོལ་བ་བྱེ་ཆེན་པཎ་ཌི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། དཔལ་རི་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སོགས་སློབ་ཚོགས་གྲངས་ལས་འདས་པ་བྱོན།

{{#arraymap:འགྱུར་མེད་ཚེ་དབང་མཆོག་གྲུབ་

|; |@@@ | | }}