64871

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིགས་མེད་དཔལ་གྱི་སེང་གེ་ (1)
Part of speech མིང་ཚིག
Definition ཆོས་རྗེ་སྐུ་ཕྲེང་བདུན་པ་འཇིགས་མེད་དཔལ་གྱི་སེང་གེའམ་མཚན་གཞན་ལ་ཆོས་རྗེ་པོག་ལི་ཅན་ཞེས་བྱ་བ་ནི། མདོ་སྨད་མགོ་ལོག་ཡུལ་དུ་ཡབ་སྐལ་བཟང་འབུམ་དང་། ཡུམ་མྱ་ངན་མེད་གཉིས་ཀྱི་སྲས་སུ་ས་སྦྲེལ་ལོར་སྐུ་འཁྲུངས། ཀརྨ་ཞྭ་ནག་སྐུ་ཕྲེང་བཅུ་གསུམ་པ་བདུད་འདུལ་རྡོ་རྗེས་སྐུ་སྐྱེར་ངོས་འཛིན་གནང་སྟེ་འཛམ་ཐང་སྒར་དུ་ཁྲི་སྟོན་མཛད། དགུང་ལོ་བརྒྱད་ཀྱི་ཐོག་ནས་ཡོངས་འཛིན་དམ་པའི་མདུན་ནས་ཀློག་སོགས་རིག་གནས་སྦྱངས། དགུང་ལོ་བཅུ་བཞི་སོན་སྐབས་གོང་བླ་ཀུན་དགའ་རྣམ་རྒྱལ་གང་གིས་གཙོས་འདུས་པ་གྲྭ་ཚང་གི་མདུན་ནས་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ལེགས་མནོས་མཛད་ནས་མཚན་ལ་ཀུན་དགའ་འཇིགས་མེད་དཔལ་གྱི་སེང་གེ་ཞེས་གསོལ། དགུང་ལོ་བཅུ་བདུན་གྱི་ཐོག་ཁམས་སྡེ་དགེའི་ཆོས་གྲྭར་ཕེབས་ཏེ་ཟུར་མང་ཚེ་དབང་ཀུན་ཁྱབ་དང་། དཔལ་སྤུངས་དགོན་དུ་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་སོགས་བཤེས་གཉེན་བསྟེན་ཏེ་མདོ་སྔགས་སྤྱིའི་རིག་གནས་དང་ཆོས་བརྒྱུད་ཀུན་གྱི་ཟབ་ཆོས་དུ་མ་ལ་ལེགས་གསན་མཛད་དེ་མཚན་ལ་ཀརྨ་ཤཱཀྱ་འོད་ཟེར་ཞེས་གསོལ་ནས་བསྟན་པའི་རྒྱལ་མཚན་འཛིན་པར་རྒྱལ་ཚབ་ཏུ་མངའ་སྲོལ་མཛད། རང་གནས་ཇོ་ནང་འཛམ་ཐང་དགོན་དུ་སླར་ཕེབས་ཏེ་དགུང་ལོ་བཅོ་བརྒྱད་སྐབས་ཆོས་རྗེའི་ཕོ་བྲང་དུ་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ཏེ་རྡོ་འཛི་སྨྲ་གསུམ་རྔ་བ་རྒྱལ་རོང་ཁག་མགོ་ལོག་གསེར་རྟ་ཝ་ཤུལ་ཁྲོ་ཁོ་བཅས་ཡོངས་ལ་དབང་བསྒྱུར་མཛད། འདི་སྐབས་འཛམ་ཐང་དུ་ཆོས་གྲྭ་མང་ཚོགས་དུས་འདུས་སྡེ་སྟོང་ཕྲག་ལྷག་ཙམ་དང་ཉུང་དུས་སུའང་བརྒྱ་ཕྲག་ལྔ་ཙམ་ལས་མི་ཉུང་བར་གྲགས་ལ། ལོ་བསྟར་བཞིན་དུས་འཁོར་སོགས་རྒྱུད་སྡེ་མང་པོའི་ཆོས་གྲྭ་དུས་དུས་སུ་ཆགས་མེད་ཚོགས། མཚམས་རེ་ཞིག་ནས་མི་མོ་ཏོ་ཙ་བཟའ་བྱམས་ལི་སྒྲོན་དང་ཙི་མོ་ལྀ་ཞེས་པའི་བུད་མེད་གཉིས་ཡུམ་དུ་བཞེས་ནས་རིགས་ཀྱི་གདུང་བརྒྱུད་ཡང་ད་ལྟའི་བར་ཡོད། ཆོས་རྗེ་འདིས་གནས་བཞུགས་རྟེན་གསུམ་དང་བཅས་པར་ལྷ་ས་ལ་འདུ་ཁང་གསར་པ་ཞིག་གསོས། གསུང་གི་རྟེན་ཡང་རྒྱལ་བ་ཐུབ་པའི་དབང་པོའི་བཀའ་བོད་དུ་འགྱུར་རོ་ཅོག་ཁམས་སྡེ་དགེའི་མཚལ་སྤར་མ་གླེགས་བམ་བརྒྱ་ཕྲག་ལྷག་གིས་གཙོས་གསུང་རབ་མང་དག་བཞེངས་པ་དང་། ཐུགས་རྟེན་ཡང་འཛམ་ཐང་ཆོས་སྡེའི་ནུབ་ཀྱི་ཆར་དཔལ་གྱི་མཆོད་རྟེན་ཆེན་མོ་སོགས་བཞེངས་ཡོད། ཁོང་གི་ཐུགས་སློབ་ཡང་དྲུང་དཀའ་བཞི་བའི་ཡང་སྤྲུལ་གསུམ་པ་བློ་གྲོས་རིན་ཆེན་དཔལ་གྱི་སྙིང་པོ་དང་། གདོང་ཁང་དབོན་བསོད་ནམས་ཆོས་ཀྱི་གྲགས་པ་སོགས་ཡོད། ཆོས་རྗེ་གང་ཉིད་དགུང་གྲངས་ཞེ་བརྒྱད་སྟེ་ཤིང་ལུག་ལོར་མགོ་ལོག་ཨ་སྐྱོང་དཔོན་དཔལ་ཆེན་མགོན་རྔ་བས་སྐུ་བཀྲོངས་ཏེ་གཤེགས་པའོ། །ཆོས་རྗེ་འདི་དང་སྐུ་ཐོག་མཉམ་པ་ནི་པཎ་ཆེན་སྐུ་ཕྲེང་བདུན་པ་དང་། ཀརྨ་ཞྭ་ནག་སྐུ་ཕྲེང་བཅུ་གསུམ་པ་སོགས་ཡིན་ནོ། །

{{#arraymap:འཇིགས་མེད་དཔལ་གྱི་སེང་གེ་

|; |@@@ | | }}