64872

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིགས་མེད་དབང་པོ་ (1)
Part of speech མིང་ཚིག
Definition ཆོས་རྗེ་སྐུ་ཕྲེང་དགུ་པ་འཇིགས་མེད་དབང་པོའམ་བསྟན་པའི་ཉི་མ་མཆོག་ནི། མདོ་ཁམས་ཤར་ཕྱོགས་རྒྱལ་རོང་ཚ་བ་སོ་མང་རྒྱལ་པོའི་མངའ་ཞབས་ཟངས་དཀར་བར་མའི་ས་ཆར་ཡབ་དམུ་དགེ་ནོར་བུ་དང་ཡུམ་བཀྲ་ཤིས་སྐྱིད་གཉིས་ལ་ཤིང་བྱའི་ལོར་རྨི་ལྟས་ལེགས་པ་དང་བཅས་སྐུ་བལྟམས། ལྕགས་ཡོས་ལོར་དགུང་ལོ་བདུན་སོན་སྐབས་སྤྲུལ་སྐུ་ཉིད་བླུ་ཡོན་ཆེ་བསུའི་བཀོད་པ་དང་བཅས་ཁང་དམར་དབོན་བསོད་ནམས་བསྟན་འཛིན་གྲྭ་འཁོར་ཕེབས་ནས་འཛམ་ཐང་ཆོས་རྗེའི་སྒར་དུ་གདན་འདྲེན་ཞུས་ནས་ཁྲི་སྟོན་རྒྱ་ཆེར་མཛད། དེ་ནས་དགུང་ལོ་བརྒྱད་སྟེང་ནས་མཁས་དབང་འབྲས་རབ་འབྱམས་པ་དགེ་བཤེས་བློ་བཟང་རྒྱ་མཚོ་དང་། སྨན་པ་ཐོགས་མེད་རྣམ་གཉིས་ཡོངས་འཛིན་དུ་བསྟེན་ཏེ་ཛ་འགོའི་རི་ཁྲོད་དུ་ཐོག་མར་ཀློག་སོགས་བསླབས་རྗེས་ཐོས་བསམ་གྱི་སྒོ་ལ་ཞུགས་ཏེ་སྤྱོད་འཇུག་སོགས་གཞུང་ལུགས་འགའ་ལ་སྦྱང་བརྩོན་གནང་། དགུང་ལོ་བཅུ་གཉིས་ཐོག་སྐྱབས་མགོན་སྦྱངས་པ་རིན་པོ་ཆེ་ཀུན་དགའ་ངེས་དོན་ཞབས་པའི་དྲུང་ནས། ཚངས་སྤྱོད་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་ལེགས་མནོས་མཛད་ནས་མཚན་ལ་ཀུན་དགའ་འཇིགས་མེད་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་གསོལ། སློབ་དཔོན་དེ་ཉིད་ཀྱི་དྲུང་ནས་འདུས་པ་བརྒྱ་ཕྲག་གསུམ་ལྷག་གི་གྲལ་དུ་སྒྲུབས་ཐབས་རིན་འབྱུང་གི་དབང་བཀའ་ཡོངས་རྫོགས་གསན། དེ་མཚམས་ཤིག་ནས་དགེ་བཤེས་རིན་པོ་ཆེའི་མདུན་ནས། མདོ་ཕྱོགས་དང་དཀར་རྩིས། བཟོ་དང་སྨན་གྱི་རིགས་སྣ་ཚོགས་ལ་གསན་སྦྱང་མཁས་པར་མཛད་ལ། ཡིག་རིགས་མཁས་པའི་སློབ་དཔོན་དུ་མའི་དྲུང་ནས་བོད་ཀྱི་ཡིག་གཟུགས་འདྲ་མིན་སྦྱངས། ཀིརྟིའི་ཡོངས་འཛིན་སངས་རྒྱས་ཀྱི་དྲུང་ནས་ཀྱང་། རྒྱ་རྩིས་དང་དམག་རྩིས། དབྱངས་འཆར་སོགས་ལ་སློབ་གཉེར་གནང་། དགུང་ལོ་ཉེར་གཉིས་ཀྱི་ཐོག་སྔོན་གྱི་གནམ་སྐོས་གོང་མའི་བཀའ་ཐོབ་འཇའ་ས་སོགས་དང་བཅས་ཆབ་སྲིད་ཡོངས་རྫོགས་ལ་དབང་བསྒྱུར་བའི་འགོ་ཚུགས་ཏེ་རང་ཡུལ་འཛམ་ཐང་ལ་དགྲ་རྒོལ་གཉེན་སྐྱོང་གི་མཛད་འཕྲིན་རྒྱ་ཆེར་བསྐྱངས། གཞན་ཡང་། ཁང་གསར་ཕོ་བྲང་ནུབ་ངོས་དང་ལྷ་སར་འདུ་ཁང་གསར་བཞེངས་སོགས་ཀྱི་འཛུགས་བསྐྲུན་གང་མང་གནང་། དགུང་ལོ་བདུན་ཅུ་སོན་སྐབས་ཆོས་རྗེ་གང་ཉིད་ལ་རྒྱ་ནག་གི་སྲིད་བློན་ཀྲོའུ་ཨེན་ལའེ་ཞེས་པས་སི་ཁྲོན་ཞིང་ཆེན་ནུབ་བྱང་གི་བོད་རིགས་རང་སྐྱོང་གི་ཨུ་ཡོན་གྱི་འཇའ་ས་གནང་སྦྱིན་བཅས་ཀྱིས་ཆེ་བཀུར་གནང་། ཁོང་གི་ཐུགས་སློབ་རྣམས་ནི་ཚེས་བཅུའི་སྐུ་ཕྲེང་བརྒྱད་པ་དང་། བླ་མ་མཁྱེན་བརྩེ། བླ་མ་དགེ་མཆོག བླ་མ་བློ་ཆོས། བླ་མ་ཀུན་དགའ་སྙན་གྲགས། མཚོ་སྐྱེས་སྤྲུལ་སྐུ། ཕུར་རྩ་བླ་མ་ཆོས་བློ། ཤེར་བློས་སོགས་མང་ཙམ་ཡོད། ཉིད་ཀྱིས་གསུང་ཆོས་ཡང་རྩིས་སྐོར་པོད་བཞི། འཇིགས་བྱེད་མངོན་རྟོག་དུར་ཁྲོད་བདག་པོ། ཆོས་སྐྱོང་སྐུ་ལྔ། དམ་ཅན་མགར་ནག ཤ་ཟ་ཧོར་མོ་སོགས་ཀྱི་བསྟོད་གསོལ་ལས་ཚོགས་བཅས་ཡོངས་བསྡོམས་གླེགས་བམ་ལྔ་ལྷག་ཙམ་ཡོད། ཉིད་དགུང་ལོ་དོན་བཞི་ས་ཁྱིའི་ལོར་ཟླ་བ་བཞི་ཙམ་སྐུ་བསྙུང་ནས་མཐར་སྐུ་མྱ་ངན་ལས་འདས་པའོ། །

{{#arraymap:འཇིགས་མེད་དབང་པོ་

|; |@@@ | | }}