64876

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིགས་མེད་བསམ་གཏན་ (1)
Part of speech མིང་ཚིག
Definition རྗེ་བློ་བཟང་དཔལ་ལྡན་གྱི་རྩ་བའི་བླ་མ། གྲུབ་ཆེན་རྗེ་བཙུན་འཇིགས་མེད་བསམ་གཏན་ཏེ། རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་ཕྱི་ལོ་ ༡༨༡༤ ལོར་མདོ་སྨད་རེབ་གོང་སྟོད་ཀྱི་ཆར་གཡུ་འབྲོང་ཁྱུང་གསུམ་གྱི་ལྷ་ཞོལ་ལྟེ་ཐང་དུ་ཡབ་མགོ་རྒས་མཁར་བྱམས་དང་ཡུམ་སྙིང་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། བྱིས་པའི་དུས་ནས་རྫོང་དཀར་གྱི་ཆོས་གྲྭར་ཞུགས་ཏེ་ཀློག་དང་ཆོས་སྤྱོད་མང་པོ་ཚེགས་མེད་པར་ཐུགས་སུ་ཆུད། རྫོང་ཆུང་པཎྜི་ཏ་འཇིགས་མེད་ལུང་རིགས་རྒྱ་མཚོ་སྔ་ཕྱིའི་མཁན་པོར་གསོལ་ཏེ་སོ་ཐར་གྱི་སྡོམ་རྒྱུན་བཞེས། དེ་ཉིད་ལས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་ཅིང་རིག་གནས་ཀྱི་དཔེ་ཁྲིད་ཀྱང་མོད་མི་དམའ་བ་ཞུས། རོང་བོ་བློ་བཟང་ཆོས་དར་ལས་སྒྲ་སྙན་རག་རྩིས་སོགས་རིག་གནས་དང་། རབ་འབྱམས་པ་བློ་བཟང་ཉི་མ་ལས་བསྡུས་རྟགས་བློ་གསུམ་སློབ་སྦྱོང་རྡོ་རུས་ཐུག་པ་མཛད། གཞན་ཨ་རོལ་རིན་པོ་ཆེ། བསེ་སྐུ་ཕྲེང་གསུམ་པ། བྲག་ལུང་མཚོ་ཁ་བ་རྣམས་ལས་ཀྱང་སྔ་ཕྱིར་ཆོས་ལུང་མང་དུ་མནོས། དགུང་ལོ་ཉེར་དྲུག་པ་ས་ཕག་ཕྱི་ལོ་ ༡༨༣༩ ལོར་སྒྲུབ་རྒྱུད་བསྟན་པའི་བདག་པོ་རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཇལ་ཏེ་སྲས་དབེན་གྱི་སྙན་བརྒྱུད་མཐའ་དག་ལྷག་ཆད་མེད་པར་ཐུགས་ཀྱི་བུམ་བཟང་དུ་བསྐྱིལ། དེ་ནས་བཟུང་ལོ་ངོ་བཅུ་བདུན་གྱི་རིང་དབེན་པའི་གནས་གང་འགོལ་དུ་དཀའ་སྤྱད་ཤ་སྟག་གིས་སྒྲུབ་པ་ཉམས་ལེན་མཛད། གཞན་ཡང་ཤིང་བཟའ་རིན་པོ་ཆེ་བློ་བཟང་དར་རྒྱས་དང་། གྲུབ་ཆེན་སྐལ་བཟང་གྲགས་པ། རྡོ་རམས་པ་འཇིགས་མེད་བཟང་པོ་སོགས་ལས་ཀྱང་ཆོས་བཀའ་དང་མན་ངག་གི་རིགས་མཐའ་ཡས་པ་གསན། ཁྱད་པར་ཕྱི་མ་ལས་འཇམ་དབྱངས་བཞད་པ་ཡབ་སྲས་ནས་བརྒྱུད་པའི་མན་ངག་རྣམ་གསུམ་གྱི་གདམས་པ་རྣམས་ཚང་བར་མནོས་པས། དུས་འདིར་སྲད་དབེན་གྱི་གདམས་པའི་བར་མཛོད་གཅིག་པུར་གྱུར། དགུང་ལོ་ཞེ་བཞི་པ་མེ་སྤྲུལ་ཕྱི་ལོ ་༡༨༥༧ ལོ་ནས་གཞན་དོན་མཁའ་ཁྱབ་ཏུ་སྐྱོང་བའི་དབུ་བཙུགས་ཏེ། སྒོ་མེ་མཆོད་རྟེན་སྐེ་དང་། བིས་ཐང་། རྫོང་དཀར། སྐུ་འབུམ། རྩེ་གཞུང་། ཀ་རིང་བཅས་དགོན་སྡེ་མང་པོར་དབང་ལུང་རྗེས་གནང་མཐའ་ཡས་པ་གནང་། ཁྱད་པར་དུ་བླ་མ་ཆེ་དགུ་ཤར་ཐམས་ཅད་མཁྱེན་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང་། ཁྲི་རྒན་འཇམ་པའི་དབྱངས། རྒྱལ་བའི་ཡོངས་འཛིན་ཞྭ་དམར་པཎྜི་ཏ། བདེ་ཡངས་ནོ་མོན་ཧན། མཚན་སྒྲོགས་ཧོ་ཐོག་ཐུ། རྗེ་སྤྱན་སྔ་དཀོན་མཆོག་ཕུན་ཚོགས་སོགས་ཀྱིས་མཚོན་སྣོད་ལྡན་གྱི་སློབ་མ་མི་ཉུང་བ་ལ་མན་ངག་རྣམ་གསུམ་གྱི་ཁྲིད་བརྒྱ་ལྷག་བརྒལ་བ་གནང་། ཆུ་ཕག་ཕྱི་ལོ་ ༡༨༦༣ ལོར་གཙང་མིག་དམར་དགེ་བཤེས་དང་མཇལ། ཆོས་བཀའ་གང་མང་གསན། རབ་བྱུང་བཅོ་ལྔ་པའི་ས་གླང་ཕྱི་ལོ་ ༡༨༨༩ལོར་ཚེ་ཏན་དུ་ཕེབས་ཏེ་ཆོས་བཀའ་མང་པོ་གསུངས། དེ་ལྟར་བསྟན་འགྲོའི་དོན་ཁོ་ན་ལ་དམིགས་པའི་མཛད་པ་རླབས་ཆེ་ཞིང་མཐའ་ཡས་པ་མཛད་དེ། དགུང་ལོ་གྱ་བཞི་པ་རབ་བྱུང་བཅོ་ལྔ་པའི་མེ་བྱ་ཕྱི་ལོ་༡༨༩༧ ལོའི་བདུན་པའི་ཆེས་གཅིག་ལ་ཀ་རིང་དུ་སྐུ་གཤེགས།

{{#arraymap:འཇིགས་མེད་བསམ་གཏན་

|; |@@@ | | }}