67728

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྲིན་ལས་བྱམས་པའི་འབྱུང་གནས་ (1)
Part of speech མིང་ཚིག
Definition མེ་སྟག་ཕྱི་ལོ་༡༨༧༥་ལོར་རི་ཆེ་ལྕགས་རིའི་ལྟག་སྒོའི་ཟླ་ནང་དཔོན་ཚང་དུ་ཡབ་ཨ་ལྕགས་འབྲུ་རིགས་ཚེ་རིང་རྣམ་རྒྱལ་དང་། ཡུམ་གྱོ་མདའ་བཟའ་བཀྲ་ཤིས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་འཁྲུངས། བུམ་དཀྲུགས་ཀྱིས་རྗེ་དྲུང་ཡང་སྲིད་དུ་ངོས་བཟུང་། དབུས་སུ་ཕེབས་སྐབས་གཞུང་ནས་ཧོ་ཐོག་ཐུའི་གོ་གནས་གནང་། རྒྱལ་དབང་བཅུ་གསུམ་པ་སྐུ་ན་ཕྲ་བས་ཡོངས་འཛིན་ཕུར་ལྕོག་ལས་རབ་ཏུ་བྱུང་། སྟག་ལུང་དུ་ཕེབས་ཏེ། མ་རིན་པོ་ཆེ་ཐེག་མཆོག་འཇིགས་མེད་དཔའ་བོ་ལས་རང་ལུགས་ཀྱི་ཟབ་ཆོས་ཡོངས་རྫོགས་ཞུས།འཇམ་དབྱངས་མཁྱེན་རྩེ་དབང་པོ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། གྲུབ་ཐོབ་བྷྱོ་རིགས་འཛིན་སོགས་ལས་གདམ་པ་མང་དུ་གསན་ཅིང་། རི་ཆེའི་ཆོས་སྲིད་ཀྱི་ཁྲི་ལ་བཞུགས་ཡང་རིའི་གཡའ་ཁང་དུ་ཡང་དབེན་གསར་རྒྱག་གིས་བཅད་རྒྱར་ལོ་གསུམ་བཞུགས། སྤོ་པོ་ཀ་གནམ་སྡེ་པས་སྤྱན་འབྲུག་དགུ་ཐང་སྡེ་དགོན་ཕུལ་བ་ལྟར་བཞེས་པ་དང་ཀ་ནམ་སྲས་མོ་ཨ་ནུ་སྣང་གསལ་ཡང་ལྕམ་དུ་བཞེས། ཨ་འདྲ་ཐང་དུ་གཞི་གསུམ་གྱི་ཕྱག་ལེན་ཡོད་པའི་འདུལ་བ་གྲྭ་ཚང་དང་།རདྣ་གླིང་པའི་ཐུགས་སྒྲུབ་དང་ཕུར་པའི་སྒྲུབ་ཆེན་བདེ་ཕག་སྒྲུབ་མཆོད།ཚེས་བཅུ་གར་འཆམས་སོགས་ཡོད་པའི་སྔགས་པ་གྲྭ་ཚང་ཡང་བཏབས། རི་ཆེ་བླ་བྲང་གཉིས་མི་མཐུན་པས་རྐྱེན་ལས་རི་ཆེར་ཕེབས་དགོས་བྱུང་ཞིང་། བར་དེར་ཡང་གསང་དུ་བླ་ཚབ་ཟླ་ཚེ་དགེ་སློང་རྒྱ་མཚོ་དང་། རྫ་ཕུད་ཀོང་སྤྲུལ་སྐུ་གཉིས་བཞག་མོད་ས་གནས་སུ་འཁྲུགས་ལོང་བྱུང་སྟེ་གོང་ཞུས་མི་སྣ་གཉིས་བྲོས་ཐར་པ་ལས་གྲྭ་པ་བཞི་བཅུའི་སྐོར་དང་དགོན་པ། མི་ཁྱིམ་ལྔ་བཅུའི་སྐོར་བཅས་མེ་བསྲེགས་རྩ་མེད་དུཤོར་བ་དང་། ནང་ནས་ཡང་རྒྱ་ནག་གོ་མིན་ཏང་གིས་དམག་དང་བླ་བྲང་བར་གྱི་འགལ་བ་སོགས་སྣ་མང་རྙོག་ཟིང་ཁྲོད ། རྗེ་དྲུང་ཉིད་ཀྱང་རི་ཆེར་བཞུགས་མི་ཆོག་པ་ལྷོ་རྫོང་སྡེ་པར་རྩིས་སྤྲད་ཀྱིས་ཡང་དགོན་བླ་བྲང་གཞུང་བཞེས་བྱས་ནས་རི་ཆེའི་བླ་གཉེར་ཞེས་པའི་ཚན་བསྐོས་པ་སོགས་བྱས། སྟག་ལུང་ནས་རྩེ་སྤྲུལ་ངག་དབང་དཔལ་ལྡན་གྱིས་གཞུང་ལ་ལན་མང་ཞུས་སྟབས། སྟག་ལུང་ཕྱག་མཛོད་དང་ཕོད་མདོ་སྡེ་བར་རྩིས་སྤྲད་ཀྱིས་སྟག་ལུང་དུ་བཞུགས་ཆོག་པ་བྱུང་ཞིང་། རྩེ་སྤྲུལ་ངག་དབང་དཔལ་ལྡན་ལ་རང་ལུགས་ཀྱི་ཟབ་ཆོས་མཐའ་དག་གནང་ཞིང་། མཐར་ཕྱི་ལོ་ ༡༩༢༣ ལོར་སྐུ་གཤེགས། སློབ་མའི་གཙོ་བོ་ལ། རྩེ་སྤྲུལ་ངག་དབང་དཔལ་ལྡན་དང་མགར་བླ་བསོད་ནམས་རབ་བརྟན། ཉག་བླ་བདེ་བའི་ཉི་མ་དང་སང་སྤྲུལ་ངེས་དོན་རྒྱ་མཚོ། ཞབས་དྲུང་ཐུབ་བསྟན་བྱང་ཆུབ་ཆོས་ཀྱི་ཉི་མ། འཕགས་མཆོག་ཀུན་དགའ་རྣམ་རྒྱལ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། སྨིན་རྩིས་པ་མཁྱེན་རབ་ནོར་བུ། ཟུར་མང་དྲུང་པ་སོགས་མང་དུ་བྱུང་ཞིང་། གསུང་རྩོམ་དཔོད་དྲུག་ཡོད་པ་བཅས་སོ། །

{{#arraymap:འཕྲིན་ལས་བྱམས་པའི་འབྱུང་གནས་

|; |@@@ | | }}