68166

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབེ་ལོ་ཚེ་དབང་ཀུན་ཁྱབ་ (1)
Part of speech མིང་ཚིག
Definition ཕྱི་ལོ ༡༧༡༨ རབ་བྱུང་བཅུ་གཉིས་པའི་ས་ཁྱི་ཟླ་བ་བཅུ་གཉིས་པའི་ནང། ཡབ་འབེ་སྒྲོལ་མགོན་དང་ཡུམ་བསོད་ནམས་ཆོས་སྒྲོན་གཉིས་ཀྱི་སྲས་སུ་བོད་ཆེན་པོའི་ས་ཆར་བཀྲ་ཤིས་ཟུར་མང་དགོན་དང་ཉེ་བར་འབེ་དམ་ཐོག་སྒང་དུ་སྐུ་འཁྲུངས། ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་ནས་ཀརྨ་རྡོ་རྗེ་ཞེས་མཚན་གསོལ། དགུང་ལོ་བདུན་གྱི་ཐོག་ཟུར་མང་ཀརྨ་བསྟན་འཛིན་དབང་ཕྱུག་གི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་ཀརྨ་ཀུན་ཁྱབ་ཏུ་གསོལ། དགུང་ལོ་དགུ་ནས་བཅོ་ལྔ་བར་ཆོ་ག་ཆོས་སྤྱོད་བློ་འཛིན་དང་སྒྲ་རྩིས་སོགས་ཐུན་མོང་རིག་གནས་སྐོར་གསན་བསམ་མཛད། ཆུ་བྱི་ཕྱི་ལོ ༡༧༣༢ ལོར་སི་ཏུ་པཎ་ཆེན་ཐོག་མར་མཇལ། ཆུ་གླང་། ཕྱི་ལོ ༡༧༣༣ ལོར་སི་ཏུ་པཎ་ཆེན་ལས་འཇམ་དབྱངས་རྗེས་གནང་དང་ཀར་ལུགས་བདེ་མཆོག་ལྷ་ལྔ་དང་ཕག་མོ་ལྷ་ལྔའི་རྗེས་གནང་ཞུས། ཤིང་སྟག་ཕྱི་ལོ ༡༧༣༤ ལོར་ཟུར་མང་དགེ་ལྡན་དགོན་གྱི་ཁྲི་སྤྲུལ་བློ་བཟང་རྣམ་རྒྱལ་ལ་ཕར་སྒྲ་ཀ་ལ་པའི་ས་རིས་ཀྱི་རི་མོ་བསླབས། ཚུར་ལ་ཕུག་ལུགས་པའི་སྐར་རྩིས་འགའ་རེ་གསན། ཡེ་ལོ ༡༧༣༥ ལོར་དཔལ་སྤུངས་སུ་ཕེབས་ནས་རྗེ་དབོན་ཀརྨ་ངེས་ལེགས་དང་བསམ་གཏན་སྐུ་མཆེད་མཇལ། ལོ་དེར་མགོན་པོ་བེར་གྱི་བསྐང་གསོལ་ཆེན་མོ་བློ་འཛིན་མཛད། ཀར་ལུགས་ཀྱི་འདོན་ཆོག་རྣམས་ལ་བྱང་ཆུབ་པར་མཛད། ས་སྟག ཕྱི་ལོ ༡༧༣༨ གནམ་ལོ་གསར་ཚེས་ཀྱི་དབོ་ཟླ་བའི་ནང་སི་ཏུ་པཎ་ཆེན་གཙོས་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས། སི་ཏུ་པཎ་ཆེན་གྱི་མདུན་ནས་རླུང་སེམས་གཉིས་མེད་ཀྱི་ཁྲིད་དང་། སྒྲོལ་དཀར་ཚེ་ཁྲིད། བདེ་ཆེན་ཞིང་སྦྱོང་གི་ཁྲིད་རྣམས། སྙན་ངག་མེ་ལོང་མའི་དོགས་གཅོད་ཐོར་བུ་བཅས་ཞུས། ས་ལུག ཕྱི་ལོ ༡༧༣༩ ལོར་རྒྱལ་རོང་བསམ་གཏན་དགོན་དང། ཁྲོ་ཆུ་ཤུ་བྷཾ་དགོན་དུ་གྲྭ་བཙུན་རྣམས་རབ་བྱུང་གི་སྡོམ་པ་དང་དབང་ལུང་ཆོས་ཁྲིད་གནང། སླར་དཔལ་སྤུངས་སུ་བསྟན་དོན་ཁོ་ནས་དུས་འདའ་བར་མཛད། སི་ཏུ་པཎ་ཆེན་གྱིས་རྩིས་སྐོར་གྱི་དྲི་བཤད་འགའ་རེ་གནང། ཁོང་གི་གསུང་རྩོམ་ནི། སི་ཏུའི་རང་རྣམ་གྱི་རྩོམ་འཕྲོ་བསྐྱངས། སྒྲ་དང་རྩིས། ཀཾ་ཚང་ཆོས་འབྱུང་ཟླ་བ་ཆུ་ཤེལ་གྱི་ཁ་སྐོང་། ཀུན་རིག་དང་མི་འཁྲུགས་སོགས་ཆོ་གའི་རྣམ་བཤད་སྣ་ཚོགས། གྲུབ་མཐའི་བཞེད་ཚུལ་གྱི་རྣམ་གཞག། པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་གླེང་མོ་བྱས་པའི་ཟིན་བྲིས་སོགས་ཐུན་མིན་ཁྱད་ཆོས་ཡོད་པའི་གསུང་རྩོམ་མང་། སི་ཏུ་པཎ་ཆེན་གྱི་དགོངས་རྫོགས་སུ་དུས་འཁོར་སྒྲུབ་ཆེན་གསར་དུ་བཙུགས། ཕྱི་ལོ་༡༧༩༠ པའི་ནང་ཞི་བར་གཤེགས་སོ།།

{{#arraymap:འབེ་ལོ་ཚེ་དབང་ཀུན་ཁྱབ་

|; |@@@ | | }}