68803

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་སོ་གཉིས་པ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་བྱི་ཕྱི་ལོ་༡༦༤༨ ལོ་ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན་མདོ་སྨད་ཀྱི་གནས་ཆེན་བྲག་དཀར་རྒན་ཀྱའི་རིང་ཞེས་པ་རུས་ཆེན་བཞིའི་ནང་ཚན་ལྡོང་ཤུལ་གྱི་རིགས་སུ་ཡབ་དཔལ་འབུམ་དང་ཡུམ་མཁར་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་པ་ཆུ་འབྲུག་ལོར་༧རྒྱལ་མཆོག་ལྔ་པ་ཆེན་པོ་རྒྱ་ནག་ཏུ་ཆིབས་བསྒྱུར་སྐབས་མཚོ་ཁར་ཕེབས་པ་དང་མཇལ་ཞུས་ཆོས་འབྲེལ་དང་ཕྱག་དབང་ཐོབ། དགུང་ལོ་བདུན་ཐོག་རྗེ་ཉེད་ཀྱི་ཨ་ཁུ་དགེ་སློང་བློ་བཟང་དོན་གྲུབ་ནས་ཡི་གེའི་ཕྱི་མོ་ཀ་ཁ་བསླབས་ནས་ཉི་མོ་དེ་རང་ལ་མཁྱེན་ཅིང།རིང་པོ་མི་ཐོག་པར་ཡི་གེ་འབྲི་ཀློག་ཀུན་ལ་བྱང་བར་གྱུར།དགུང་ལོ་བཅུ་གསུམ་པའི་ཚེ་འདུལ་འཛིན་ཡེ་ཤེས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ཡེ་ཤེས་རྒྱལ་མཚན་ཞེས་བཏགས། དགུང་ལོ་ཉེར་གཅིག་ལ་དབུས་སུ་བྱོན་ནས་འབྲས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་གསར་ཞུགས་ཀྱིས་ལྕང་སྐྱ་ཞབས་དྲུང་ངག་དབང་ཆོས་ལྡན་དགེ་རྒན་དུ་བསྟེན་ནས་གཞུས་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་ཉེ་ཤུ་རྩ་ལྔའི་ཐོག་བཀའ་བཅུའི་མཚན་གཏགས་མཛད། དགོང་ལོ་ཉེར་བདུན་པ་ཤིང་སྟག་ལོར་ཕོ་བྲང་པོ་ཏ་ལ་ཆེན་པོར་རྒྱལ་མཆོག་ལྔ་པ་ཆེན་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཚན་ངག་དབང་བརྩོན་འགྲུབ་བཞེས་སྩལ། དགུང་ལོ་ཉེར་དགུར་དཔལ་ལྡན་སྨད་རྒྱུ་གྲྭ་ཚང་དུ་ཞུགས། ལོ་དེར་ཊཱིཀྐ་ཆུང་བའི་སྐྱོར་དཔོན་མཛད། དགུང་ལོ་སོ་གསུམ་ནས་ང་གསུམ་བར་དགེ་འཕེལ་རི་ཁྲོད་དུ་བཞུགས། སྒོ་མང་ཡིག་ཆ་ཕལ་ཆེར་དང་། སྙན་ངག་བསྟན་བཅོས་དབྱངས་ཅན་ཞལ་ལུང་། འཇིགས་བྱེད་ཆོས་འབྱུང་སོགས་སྔ་རྟིང་དུ་བརྩམས། དགུང་ལོ་ལྔ་གསུམ་པ་རབ་བྱུང་༡༢ ལྕགས་འབྲུག་ཕྱི་ལོ་༡༧༠༠ ཧོར་ཟླ་བཅུ་པའི་ཚེས་ལྔ་ལ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མི་འཇིགས་ཆོས་ཀྱི་ཁྲི་ལ་ཞབས་ཟུང་ཉེ་བར་བཀོད། དགུང་ལོ་ལྔ་བཞི་པ་ལྕགས་སྦྲུལ་ལོར་ལྷ་སའི་སྨོན་ལམ་གྲྭ་སྐོར་བ་རྣམས་ཀྱི་གཞུང་ལས་པ་མཛད། གཞུང་གི་བཀའ་ལྟར་པོ་ཏ་ལར་བྱོན་ནས་གཟིམ་ཆུང་བཀྲ་ཤིས་བཀོད་པར་ཐམས་ཅད་མཁྱེན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་དང་། རྒྱལ་པོ་ལྷ་བཟང་། སོགས་ལ་ཐིག་ལེ་བཅུ་དྲུག་སོགས་བཀའ་དབང་འབུལ་བར་མཛད། དགུང་ལོ་རེ་གཅིག་ནས་རེ་གཉིས་པ་ས་མོ་གླང་གི་བར་ཕ་བོང་ཁའི་མཁན་པོ་མཛད་དེ་ཆོས་ཀྱི་ཆར་ཕབ། དགུང་ལོ་རེ་གསུམ་པ་ཕྱི་ལོ་༡༧༠༩ ལོ་ཟླ་བ་བདུན་པ་ཕྱི་མའི་ཚེས་བཅུ་གསུམ་ལ་མདོ་སྨད་བཀྲ་ཤིས་འཁྱིལ་གྱི་དགོན་པ་ཕྱག་བཏབ། མདོར་ན་མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་ཉི་ཟླ་ལྟར་ཁྱབ་ཅིང་། དབུས་གཙང་ཁམས་གསུམ་དུ་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་ནས་མཐར་དགུང་གྲངས་དོན་བཞི་པ་ལྕགས་གླང་ཕྱི་ལོ་༡༧༢༡ ཧོར་ཟླ་གཉིས་པའི་ཚེས་ལྔ་ཉིན་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་ཏེ་ཐམས་ཅད་སྟོང་པ་དོན་དམ་པའི་བདེན་པ་མངོན་དུ་མཛད་པའི་མོད་ལ་སྐུ་དཀྱིལ་སྔར་ལས་ཀྱང་གཟི་མདངས་རྒྱས་ཤིང་གསེར་བཙོ་མའི་མདོག་ལྟར་ལྷང་ངེར་གསལ་བར་དེར་ཡོད་ཀུན་གྱིས་མངོན་སུམ་དུ་གྲུབ་བོ། བུ་སློབ་ཀྱང་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ། ཁྲི་ཆེན་དགེ་འདུན་ཕུན་ཚོགས། ཁྲི་ཆེན་དཔལ་ལྡན་གྲགས་པ། ཁྲི་ཆེན་རྒྱལ་མཚན་སེངྒེ། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་རྒྱས་པར་རྣམ་ཐར་རྣམས་སུ་གསལ། གསུང་འབུམ་པོད་བཅོ་ལྔ་བཞུགས་པ་དེར་མ་འདུས་པའི་གསུང་དཀའ་རྒྱ་མ་གཉིས་ཀྱང་ཡོད།།

{{#arraymap:འབྲས་སྒོ་མང་གདན་རབས་སོ་གཉིས་པ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་

|; |@@@ | | }}