68997

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་ཆེན་གསུམ་པ་འཇམ་དབྱངས་ཆོས་ཀྱི་གྲགས་པ་ (1)
Part of speech མིང་ཚིག
Definition རྒྱལ་དབང་འབྲུག་ཆེན་གསུམ་པ་འཇམ་དབྱངས་ཆོས་ཀྱི་གྲགས་པ་མཆོག་ནི། བོད་ཡུལ་ལྷོ་རྒྱུད་དུ། ཡབ་བྱ་པ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་དང༌། ཡུམ་ལྕམ་དཀར་མོའི་སྲས་སུ། རབ་བྱུང་བརྒྱད་པའི་ས་ཁྱི་ ༡༤༧༨ ལོར་འཁྲུངས། མཚན་ཆོས་རྒྱལ་ནོར་བུ་ཞེས་གསོལ། འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་རྒྱལ་དང་དགེ་འདུན་མང་པོ་བྱོན་ནས། རྒྱལ་དབང་རྗེ་ཀུན་དགའ་དཔལ་འབྱོར་གྱི་སྐུ་སྐྱེར་ངོས་བཟུང་ནས། གདན་སར་སྤྱན་འདྲེན་པའི་ཞུ་ནན་གནང་ཡང༌། ཡབ་ཡུམ་གྱིས་མ་གནང་བར་བྱར་ཁྲི་དཔོན་གྱི་གོ་སར་བཞུགས་ཏེ། ཆོས་སྲིད་ཟུང་འབྲེལ་གྱི་ཕྲིན་ལས་སྐྱོང་དགོས་པ་ཤར། དེ་ཡང་རྡོ་རྗེ་གླིང་པའི་གཏེར་ལུང་དུ། གཉལ་ལུང་པ་རྒྱལ་པོ་གཅིག་གིས་མངའ་འོག་ཏུ་སྡུད་ལ། དེའི་གོ་སར་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྐུ་ཞིག་འབྱོན་ནོ། །ཞེས་ལུང་བསྟན་དུས་སུ་བབ་པར་གྱུར། དེ་ནས་རིམ་བཞིན་འབྲུག་པ་རིན་པོ་ཆེ་ལས། གདམས་པ་ལེགས་པར་གསན་ཞིང༌། སློབ་དཔོན་དུས་ཞབས་ཤཱཀྱ་དབང་ཕྱུག་ལས་རྒྱུད་དང་རིག་གནས་ལ་སྦྱངས་པ་མཛད། དགེ་སློང་རིན་ཆེན་རྣམ་རྒྱལ་ལས། རྒྱལ་དབང་རྗེ་ནས་བརྒྱུད་པའི། རྒྱུད་སྒྲུབ་བཀའ། འགྲོ་མགོན་ཆོས་སྐྱབས་པ་ལས། ཁྲིད་དཔེ་ལོགས་སུ་མ་ལུས་པའི་ཕྱག་བཞེས་དང༌། ཞྭ་དམར་ནག་སོགས་བླ་མ་དུ་མ་ལ་གསར་རྙིང་བཀའ་གསུམ་གྱི་གདམས་ངག་ཅིའང་གསན། ཏིང་ངེ་འཛིན་ལ་རྩལ་འབྱོངས་པས། ཞབས་རྗེས། ཕྱག་རྗེས། བར་སྣང་ལ་སྐྱིལ་ཀྲུང་འཆའ་བ། རྡོ་རྗེ་དྲིལ་བུ་བར་སྣང་ལ་འཇོག་པ། རས་ཆུང་ཞབས་བྱ་བྲལ་ཟོལ་གྱིས་ཟླ་གསུམ་རིང་གདམས་པ་གནང་བར་བྱོན། ཕྱིས་ཡི་གེར་བཏབ་པར། བདེ་མཆོག་མཻ་ཏྲི་ལུགས་ཀྱི་སྙན་རྒྱུད་ཡིན། བདེ་ཆེན་སྐོར་གསུམ་ལ་ཅིག་ཅར་རིམ་སྐྱེས་གཉིས་སུ་ཕྱེ་ནས་ཡིག་ཆ་མཛད་པའི་ཚེ། རང་བྱོན་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་འོད་ཁ་དོག་ལྔ་ལྡན་གྱི་གོང་བུ་ཉི་ཤུ་རྩ་གཅིག་བྱོན་ནས་ཐུགས་ཀར་ཐིམ་པའི་ཐུགས་ཉམས་བྱུང༌། སུ་ཁ་སིདྡྷིས་ལུང་བསྟན་ལྟར་ཉེར་བརྒྱད་ཤིང་གླང་ ༡༥༠༥ ལོར་བཀྲ་ཤིས་མཐོང་སྨོན་བཏབ། དེར་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ཚོགས་འཁོར་ལ་སྤྱན་དྲངས། ཕལ་པས་བྱ་རྒོད་བརྒྱད་ཅུ་རྩ་བཞིར་མཐོང་བ་སོགས་ངོ་མཚར་བ་མཛད། གསལ་རྗེ་གངས་སུ་སྒྲུབ་སྡེ་པདྨ་དཀར་པོ་བཏབ་ནས། དགུང་ལོ་ཞེ་དྲུག་པ་ཆུ་ལུག་ ༡༥༢༣ ལོའི་བོད་ཟླ་དང་པོའི་ཚེས་ལྔ་ལ་མྱ་ངན་ལས་འདས་སོ། །གསུང་འབུམ་པོད་གཉིས་བཞུགས། སློབ་མའང་བཤད་པའི་བཀའ་འཛིན་རྗེ་བཙུན་མཐུ་སྟོབས་ཞབས་དང༌། སྒྲུབ་བཀའ་འཛིན་པ་སུ་ཁ་སིདྡྷིས། རྗེ་བཙུན་མི་ཏྲ་ཛོ་ཀིའི་སྤྲུལ་པར་ལུང་བསྟན་པ་ཀུན་སྤངས་སྒྱུ་མའི་གར་མཁན་དང༌། ལོའི་སྤྲུལ་པ་ནི་དམར་ཌཱ་ཀི་རས་ཆེན་དུ་གྲགས་པ་ཁོང་ཡིན་པར་བཀའ་བསྩལ། མཐུ་ཆེན་ཆོས་ཀྱི་མགོན་པོ། ཅི་ཅར་རྡོ་རྗེ་འཛིན་པ་བསྟན་པ་རྒྱ་མཚོ། བླ་ཆེན་ཚེ་བདག་བཀྲ་ཤིས། མིག་བཞི་ལྡན་པ་གྲགས་པ་བཤེས་གཉེན་སོགས་དང༌། སྐུ་དངོས་ཀྱི་གདན་ས་པ་གཅུང་པཎྜི་ཏ་བཀྲ་ཤིས་རྣམ་པར་རྒྱལ་བ་དང༌། རིགས་སྲས་གོང་མ་བསྟན་འཛིན་ནོར་བུ། མཚོ་སྐྱེས་རྡོ་རྗེ་སྟེ་སྲས་གཉིས་སོགས། བཤད་སྒྲུབ་ཀྱི་བཀའ་འཛིན་མང་དུ་བྱུང་ངོ༌། །

{{#arraymap:འབྲུག་ཆེན་གསུམ་པ་འཇམ་དབྱངས་ཆོས་ཀྱི་གྲགས་པ་

|; |@@@ | | }}