68998

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་ཆེན་དགུ་པ་ངེས་དོན་བསྟན་པའི་ཉིན་བྱེད་ (1)
Part of speech མིང་ཚིག
Definition རྒྱལ་དབང་འབྲུག་ཆེན་དགུ་པ་ངེས་དོན་བསྟན་པའི་ཉིན་བྱེད་མཆོག་ནི། གཙང་ནུ་མ་རིར་རྗེ་རིགས་ཆོས་མཐུན་ཞིག་གི་སྲས་སུ། རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ ༡༨༢༤ ལོར་བལྟམས། ཡོངས་འཛིན་ཡེ་ཤེས་གྲུབ་པ་སོགས་ཀར་འབྲུག་དགོངས་མཐུན་གྱིས་ངོས་འཛིན་མཛད། རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེར་གཙུག་ཕུད་ཕུལ། མཚན་དཔལ་ལྡན་ངེས་དོན་བསྟན་པའི་ཉིན་བྱེད་མི་ཕམ་ཆོས་ཀྱི་རྒྱལ་པོ་འཆི་མེད་ཡོངས་གྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར་གསོལ། དགུང་ལོ་ལྔ་ལ་གདན་སར་མངའ་གསོལ། སྡིངས་ཆེ་ཅོག་གྲྭ་ལྔ་པ་གནས་ཀྱི་སློབ་དཔོན་དུ་བསྐོས་ཏེ། རིག་གནས་སྤྱི་དང༌། བྱེ་བྲག་བསྲེ་འཕོ་དང༌། སྙན་རྒྱུད་ཀྱི་སློབ་བཤད་ཉམས་ཁྲིད་དབང་ལུང་མང་པོ་གསན། རྗེ་ཡོངས་འཛིན་ལྔ་པའི་མདུན་ནས་དབང་རྗེས་གནང་བྱིན་རླབས། ཁྲིད་ལུང་བཞུགས་སོ་ཅོག་རྣམས་གསན། ཁུ་ནུ་གྲུབ་ཆེན་མཉྫུ་གོ་ཥ་བི་ཛ་ཡ་ལས་ཆོས་དྲུག་ལུས་སྦྱོང་ལྷན་ཅིག་སྐྱེས་སྦྱོར་སོགས་གསན། དཔལ་ཀརྨ་པ་བཅུ་བཞི་པ་སོགས་བསྟེན་ནས་དབང་ཁྲིད་དུ་མ་གསན། ཉེར་གཅིག་ནས་བྱར་ཕུ་ནགས་དགོན་ཏུ་ལོ་གསུམ་ཕྱོགས་གསུམ་གནང༌། སྐུ་མཚམས་གྲོལ་བསྟུན་ཞབས་པད་རྡོ་རིང་ས་དབང་ཆེན་པོ་ནས་སྦྱིན་བདག་ཞུས་ཏེ་ནཱ་རོའི་རྒྱན་དྲུག་གསོལ། ཁྲོམ་ཚོགས་དུ་མར་དབང་ཆེན་བསྩལ། གནས་ཆེན་ཙ་རིར་ལོ་ལྟར་ཆིབས་བསྒྱུར་གནང་། དེར་སྨན་སྒྲུབ་མཛད་སྐབས་དཀྱིལ་འཁོར་ལ་འཇའ་ཟུག་པ་སོགས་ཀྱི་རྟགས་མཚན་དུ་མ་བྱུང་། ཙ་རི་མཚོ་དཀར་ལ་ཀློ་ནག་གིས་འཚེ་བར་ཕ་རོལ་རྒོལ་འཇོམས་བཙུགས་པས་རོང་ནས་བྲག་ཞིག་སྟེ་དེའི་ཕྱིན་ནས་རྒྱུ་འགྲུལ་ཆད་པར་གྱུར་པ་སོགས་ངོ་མཚར་ཅན་མང༌། འབུལ་ནོད་བྱུང་རིགས་གདན་ས་ར་ལུང་དང༌། གནམ་འབྲུག མཐོང་སྨོན། བྱམས་པ་ཆོས་གླིང༌། གསང་གླིང༌། ཅིག་ཆར་ཕག་མོ་ལྷ་ཁང་རྣམས་ལ་ཞིག་གསོ་དང༌། གུ་རུའི་སྣང་བརྙན་གསེར་ཟངས་ལས་གྲུབ་པ་གཅིག་དང་མཆོད་རྫས་སོགས་བཞེངས། ས་རྟ་ལོར་འཇམ་མགོན་ཀོང་སྤྲུལ་མདུན་ནས་ཐུགས་སྒྲུབ། ཚེ་བདག་སྐོར་གྱི་དབང་ལུང་རྒྱུད་བཤད་ཕྱག་ཁྲིད་ཞལ་ཤེས་ཡོངས་རྫོགས་གསན། ས་སྦྲུལ་ལོར་གཏེར་ཆེན་མཆོག་གླིང་དང་གྲུབ་དབང་ཚོགས་གཉིས་གསང་གླིང་དུ་གདན་དྲངས་ནས། དབང་ལུང་གདམས་པ་དུ་མ་ཞིག་སྤེལ་མར་གསན་བཞེས་གནང༌། མེ་གླང་ལོར་མཚུར་ཕུར་ཕེབས་ཏེ། ཀརྨ་པ་བཅོ་ལྔ་པ་གསེར་ཁྲིར་བཀོད་ཅིང་གཙུག་ཕུད་བཞེས། མཚན་ཀུན་བཟང་མཁའ་ཁྱབ་རྡོ་རྗེར་གསོལ། ལྷོ་འབྲུག་ཏུ་ཕི་ལིང་དམག་གིས་གནོད་པ་ཆེ་བར་བརྟེན། གཞུང་བཀའ་བཞིན་དེར་ཕེབས་ཏེ་འཕྲལ་ཡུན་གཏན་བདེར་བཀོད་པས་མཚོན་བསྟན་འགྲོའི་དོན་ཆེན་ཅི་ཡང་མཛད་མཐར། དགུང་གྲངས་ང་བདུན་པ་ལྕགས་འབྲུག་ ༡༨༨༠ ལོའི་བོད་ཟླ་བཅུ་པའི་ཚེས་བརྒྱད་ལ་ཞི་བར་གཤེགས་སོ། །ཞལ་སློབ་ལྷོ་འབྲུག་ཞབས་དྲུང༌། ཆོས་མགོན་བདུན་པ། ཡོངས་འཛིན་དྲུག་པ། ཅོག་གྲྭ་དྲུག་པ། ཁམས་སྤྲུལ་དྲུག་པ། འཛི་སྒར་དྲུག་པ། རྒྱལ་སྲས་འཁྲུལ་ཞིག་དྲུག་པ། ལོ་རི་ལྔ་པ་མི་ཕམ་ཀུན་བཟང་ཕྲིན་ལས། སྔགས་གྲྭ། བཀའ་བརྒྱད། བྱམས་སྤྲུལ། རྒྱ་རྫོང་སོགས་རང་ལུགས་བླ་མ་རྣམས་དང༌། གཞན་ཡང་རྒྱལ་དབང་ཀརྨ་པ། ཏཱ་ཡི་སི་ཏུ། དཔའ་བོ་རིན་པོ་ཆེ། ཆགས་མེད་རིན་པོ་ཆེ། འབྲི་གུང་ཞབས་དྲུང༌། ལྷོ་བྲག་གསུང་སྤྲུལ། རྒྱ་སྟོན་ཆོས་རྗེ་སོགས་མཐའ་ཡས་སོ། །

{{#arraymap:འབྲུག་ཆེན་དགུ་པ་ངེས་དོན་བསྟན་པའི་ཉིན་བྱེད་

|; |@@@ | | }}