69000

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་ཆེན་བཅུ་གཅིག་པ་དགེ་ལེགས་དབང་པོ་ (1)
Part of speech མིང་ཚིག
Definition རྒྱལ་དབང་འབྲུག་ཆེན་བཅུ་གཅིག་པ་བསྟན་འཛིན་མཁྱེན་རབ་དགེ་ལེགས་དབང་པོ་མཆོག་ནི། བོད་དབུ་རུ་ལྷ་ཞོལ་བདེ་སྐྱིད་ཤར་ཞེས་པར། ཡབ་ལུང་ཤར་པ་རྡོ་རྗེ་ཚེ་བརྟན་རྒྱལ་མཚན་དང༌། ཡུམ་བདེ་སྐྱིད་སྒྲོལ་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ ༡༩༣༡ ལོར་བལྟམས། སྲིད་སྐྱོང་ར་སྒྲེང་རིན་པོ་ཆེ་དང་ཆོས་མགོན་བརྒྱད་པ་སོགས་ཀྱིས་ལུང་བསྟན་དང༌། འཁྲུལ་ཞིག་པདྨ་ཆོས་རྒྱལ་དང༌། སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་ལྷན་བཞུགས་བླ་སྤྲུལ་རྟོགས་ལྡན་བརྒྱད་ནས་སྲུང་མའི་བསྐང་གསོ་སྔོན་སོང་གིས་བརྟག་བསྒྲིལ་མཛད་པ་རྣམས་གཅིག་མཐུན་བྱུང་ནས། རྗེ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་དགུ་ཙམ་ལ་གདན་ས་ཆེན་པོ་གསང་གླིང་དུ་གདན་འདྲེན་དང་ཁྲི་གསོལ་མཛད། ༸གོང་ས་བཅུ་བཞི་པ་ཆེན་པོའི་མདུན་གཙུག་ཕུད་ཕུལ་བས། མཚན་བསྟན་འཛིན་མཁྱེན་རབ་དགེ་ལེགས་དབང་པོ་ཞེས་གསོལ། དེ་ནས་མཐུ་ཆེན་བརྒྱད་པའི་ཞལ་སྔ་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འབྲུག་ལུགས་ཀྱི་དབང་ལུང་ཕལ་ཆེར་རྗེ་དེ་ཉིད་ལས་གསན། གཞན་ཡང་རྟ་རྣ་ཏྲེ་བོ་མཆོག་སྤྲུལ་ལས་རིག་གནས་སྐོར། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་སྙིང་ཐིག་ཡ་བཞི་སོགས་གསར་རྙིང་གི་ཆོས་སྐོར་དུ་མ་ཞིག་གསན་བཞེས་གནང༌། ཁྱད་པར་འཁྲུལ་ཞིག་རྡོ་རྗེ་འཆང་པདྨ་ཆོས་རྒྱལ་རྩ་བའི་བླ་མར་བསྟེན་ཏེ། གདམས་ངག་བཀའ་རྒྱ་ལྔའི་དམར་ཁྲིད་དུ་གསན་ནས། བྱར་ཕུ་ནགས་དགོན་དུ་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱར་བཞུགས། ཉམས་རྟོགས་བཟང་པོ་འཁྲུངས། ལྷོ་དབུས་ཀྱི་དགོན་གནས་མང་པོར་ཞབས་ཀྱིས་བཅགས་ཏེ་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། སླར་ཡང་ར་ལུང་བརྒྱུད། ལ་སྟོད་རྩིབས་རི་འཆི་མེད་ཀེའུ་ཚང་དུ་འཁྲུལ་ཞིག་ཆེན་པོའི་སྐུ་མདུན་དུ་ཕེབས། མན་ངག་ལྷག་མ་རྣམས་བཞེས། དེར་ཟླ་བ་དྲུག་ལྷག་ཙམ་བཞུགས། ཤྲཱི་རྒོད་ཚང་དང༌། བྲག་དཀར་རྟ་སོ་སོགས་སྟོད་གནས་ཕལ་ཆེར་གནས་གཟིགས་གནང་། དེ་ནས་བྱང་ལམ་བརྒྱུད་གདན་སར་ཞབས་སོར་བཀོད་འཕྲལ་མཛད་འཕྲོའི་བྱ་བཞག་ཐམས་ཅད་ལིངས་ཀྱིས་བསྐྱུར་ཏེ། གསོལ་ཇའི་བར་ཡུན་ཙམ་ལས་ཉིན་མཚན་ཁོར་ཡུག་ཏུ་མཉམ་བཞག་ཕྱག་རྒྱ་ཆེན་པོའི་ངང་ལ་བཞུགས། རྗེས་དགའ་སྡུག་དང༌། བཟང་ངན་སོགས་ཆོས་བརྒྱད་ཀྱི་འཆིང་རྒྱ་ལྷོད་པོར་གྱུར་ཏེ་ཐ་མལ་པའི་གསུང་གི་གོ་འགགས། ས་ཕག་འཁྲུགས་ཟིང་སྐབས་རྒྱ་གར་དུ་ཕེབས་དགོས་བྱུང་སྟེ། འོ་བརྒྱལ་ཇི་སྙེད་ཅིག་གཟིགས་ཀྱང་མི་འདོད་པའི་རྣམ་འགྱུར་ཙམ་ཡང་གཞན་གྱིས་མཐོང་མྱོང་མེད། དེ་ནས་རྒྱ་གར་ཨ་སམ་མི་ས་མ་རི་དང་སྦག་ས་ཆོས་སྒར་རྣམས་སུ་ཕེབས་བཞུགས་མཐར། གཡོ་མེད་རྩེ་གཅིག་ཏུ་བཞུགས་དྲག་པ་དང་ས་ཆུ་འཕྲོད་མིན་ལྟ་བུས། དགུང་གྲངས་སུམ་ཅུ་པ་ལྕགས་བྱི་ ༡༩༦༠ ལོའི་ཟླ་བ་དྲུག་པའི་ཚེས་བཅུ་དགུ་ལ་ཡང་སྲིད་མྱུར་དུ་འབྱོན་པར་ཞལ་གྱིས་བཞེས་ཏེ། དགོངས་པ་ཆོས་དབྱིངས་སུ་གཞོལ་བར་གྱུར་ཏོ། །སྐུ་གདུང་སྲེག་སྦྱོང་སྐབས་འཇའ་འོད་སོགས་ངོ་མཚར་བའི་རྟགས་མཚན་མང་པོ་བྱུང་ཞིང༌། གནས་དེ་ཉིད་དུ་གདུང་རྟེན་ཡང་བཞེངས་སོ། །

{{#arraymap:འབྲུག་ཆེན་བཅུ་གཅིག་པ་དགེ་ལེགས་དབང་པོ་

|; |@@@ | | }}