69486

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛི་སྒར་བརྒྱད་པ་རིག་འཛིན་རྡོ་རྗེ་ (1)
Part of speech མིང་ཚིག
Definition འཛི་སྒར་བརྒྱད་པ་རིག་འཛིན་ཌོམྦྷི་ལྷ་མཆོག་རྡོ་རྗེ་མཆོག་ནི། ཁམས་ལྷ་ཐོག་ཏུ་རྒྱལ་པོའི་བློན་པོར་གཏོགས་པའི་ཐ་ག་ཚང་ཞེས་པར། ཡབ་དགེ་ལེགས་དང༌། ཡུམ་ནོར་བུ་སྒྲོལ་མའི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྟག་ ༡༩༣༨ ལོར་སྐུ་འཁྲུངས། ཀརྨ་པ་རིག་པའི་རྡོ་རྗེ་དང༌། དྲུང་རམ་རྒྱལ་སྤྲུལ་ཟུང་ནས། རྡོ་རྗེ་དྲག་པོའི་ཡང་སྤྲུལ་དུ་ལུང་བསྟན་ཏེ། གདན་ས་འཛི་སྒར་དུ་ཁྲི་གསོལ་ཞུས། ཡོངས་འཛིན་དུ་ཆོས་འཛིན་སྤྲུལ་སྐུ་བསྐོས་ནས་དགུང་ལོ་དྲུག་བདུན་བར་སློབ་གཉེར་གནང༌། དགུང་ལོ་བདུན་དང་བཅུ་གཉིས་ལ། དྲུང་རམ་རྒྱལ་སྤྲུལ་མདུན་ནས། གཏེར་མཛོད་དང་བཀའ་མཛོད་ཀྱི་དབང་ལུང་རྣམས་གསན། སི་ཏུ་པདྨ་དབང་མཆོག ཉག་བླ་བྱང་ཆུབ་རྡོ་རྗེ་སོགས་བླ་མ་མང་པོ་བསྟེན། ལྡེམ་ཆེན་གཡུ་རུའི་སྒྲུབ་སྡེ་སོགས་སུ། བཅད་རྒྱར་ཡུན་རིང་བཞུགས་པས། གུ་རུ་དངོས་སུ་བྱོན་ཏེ། གསང་མཚན་རིག་འཛིན་ཌོམྦྷི་ལྷ་མཆོག་རྡོ་རྗེ་བདེ་ཆེན་འདུས་པ་རྩལ་ཞེས་གསོལ། བཅོ་བརྒྱད་ལ་གཙང་གཤིས་རྡོ་རྗེ་གྲོ་ལོད་དུ། འཕགས་ཡུལ་རིག་འཛིན་རྣམ་དགུའི་ཆོས་སྨན་གཏེར་དུ་བཏོན་པས། སྨན་དྲིས་ཕྱོགས་ཀུན་ཁྱབ་པ་བྱུང༌། འགོར་རྒྱལ་དཔལ་འཛོང་དབང་ཕུག་ནམ་མཁའ་རྫོང་དུ་བཞུགས་ནས་རྟོགས་པའི་གདེང་བརྙེས། གནས་འདི་གུ་རུའི་གནས་ཆེན་བརྒྱ་རྩའི་གཙོ་བོ། སྒྲུབ་གནས་ཉེར་ལྔའི་མཆོག་གྱུར་ཡིན་ཚུལ་གྱི་གནས་ཡིག་རྒྱས་པར་མཛད། ཉེར་གཅིག་ལ་གོ་འཇོ་སྟག་གཡག་རི་ཁྲོད་རྟེན་བརྟེན་པར་བཅས་གསར་དུ་བཞེངས་ནས། གོ་འཇོ་སྡེ་ཡུལ་སྟོད་སྨད་དུ་མར། དབང་ཆོས་ཟབ་མོས་རེ་འདོད་བསྐངས། རིས་མེད་ཀྱི་རྗེ་བཙུན་གོང་མ་དུ་མས་ཞལ་གཟིགས་ཤིང་། མགོན་ལྷ་ཇག་གསུམ་སོགས། ཆོས་སྐྱོང་རྣམས་ཀྱིས་ཕྲིན་ལས་སྒྲུབ་པར་ཁས་བླངས། ནག་ཕྱོགས་གདུག་འདྲེ། འབྲོང་པ་བན་ཐུང་མ་དང་། རྒྱལ་པོ་ཤུགས་ལྡན་སོགས། འབྱུང་པོའི་ཚོགས་རྣམས། ལྷ་སྔགས་ནུས་པ་ཆེན་པོས་ཟིལ་འོག་ཏུ་མནན། མཁྱེན་རབ་ཆེ་བས། སྡེ་དགེའི་རྒྱལ་བློན་སོགས་ཆེ་དགུ་ཀུན་གྱིས་བཏུད། མཐར་ཉེར་གཉིས་པ་ས་ཕག་ ༡༩༥༩ ལོའི་དབྱར་ཀ་ལ། མདོ་སྟོད་རག་ཤུལ་ཕྱོགས། འབེ་ར་ཆེན་སྒང་ཞེས་པར་རྒྱ་དམར་གྱི་དྲག་པོའི་མཚོན་འོག་ཏུ་སྐུ་སྲོག་ཤོར། དགོངས་གཏེར་སྐོར་བཅས་གསུང་འབུམ་པོད་འགའ་ཞིག་བཞུགས། སློབ་མ་ཡང༌། སྨར་ཁམས་གཙང་གཤིས་ནས་བླ་མ་བསྟན་བཟང་དང་རྒྱལ་སྲས་སྤྲུལ་སྐུ། བསམ་འགྲུབ་གཞུང་ནས་ཀར་བཀྲ་བླ་མ། བྲག་གཡབ་མཁན་ཆེན་བློ་གྲོས། སྟག་གཟིག་རྫོང་རྩ་ནས་རེ་ཁེ་མཁན་པོ། རྫ་རྒྱུད་ནས་སཱཙྪ་སྒྲུབ་རྒན། པད་སྙིང་མཆོག་སྤྲུལ། གནས་མདོ་རྟ་པ་ཆོས་རྒྱལ། གནས་ཀེ་བླ་མ་ཡེ་ཤེས་རང་གྲོལ། ཨ་མདོ་བླ་མ་སོགས་དང༌། འཛི་སྒར་རང་དུ་ལྕི་སྤྲུལ་སྐུ་ཕྲེང་བཞི་པ། ཐུགས་སྲས་ངག་དབང་འགྱུར་མེད། ཆོས་སྐྱོང་དཔལ་སྤྲུལ་སྐུ་ཕྲེང་དྲུག་པ། རྒྱལ་སྲས་པདྨ་དབང་དྲག་སྐུ་ཕྲེང་གསུམ་པ། རོལ་མོ་སྤྲུལ་སྐུ་རྡོར་རྩ་ཀརྨ་གུ་རུ། འགོར་ཕུ་སྒྲུབ་སྡེ་སྤྲུལ་སྐུ། སྒ་བདེ་རྟོགས་ལྡན་བསྟན་པ་རབ་རྒྱས། དྲག་སྔགས་པ་ཚེ་དབང་བདུད་འདུལ། སྒྲུབ་དཔོན་ཨ་བསྟན་རྒྱ་མཚོ་སོགས་དང༌། ཟུར་མང་ནས་གར་དྲུང་རྣམ་གཉིས། སྐུ་མཆེད་འཇོ་ཕུ་ཆོས་ལུ་རྒྱ་མཚོ་དང་ཝཾ་དགོན་བླ་རྒན་ངག་ཆོས་སྤྲུལ་སྐུ་སོགས་ཀྱང་ཐུགས་ཡིད་འདྲེས་པའི་བླ་སློབ་ཡིན་ནོ། །

{{#arraymap:འཛི་སྒར་བརྒྱད་པ་རིག་འཛིན་རྡོ་རྗེ་

|; |@@@ | | }}